ཁྱེད་ཀྱིས་དེང་སང་སྦྱོང་བཞིན་པའི་རྩིས་རིག་དང་ཚན་རིག་གི་སློབ་ཚན་མང་ཆེ་ཤོས་ཤིག་ནི་དུས་རབས་མང་པོའི་སྔོན་དུ་འཁྲུངས་པའི་གནའ་བོའི་གྷི་རིཀ་གི་རླབས་ཆེན་གྱི་བསམ་བློ་བ་ཨར་ཁི་མིཌས྄་ཡི་གསང་བརྟོལ་ཁག་ལ་གཞིར་བཞག་པ་ཤ་སྟག་ཡིན་ལ། ཁོང་ནི་དུས་སྐབས་དེའི་ནང་གི་ཆེས་རླབས་ཆེ་བའི་ཚན་རིག་པ་ཞིག་ཀྱང་ཡིན་ནོ། །

ཨར་ཁི་མིཌས྄་ཡི་སྐུ་ཚེ་སྟོད།


ང་ཚོར་ཁོང་གི་བྱིས་དུས་ཀྱི་འཚོ་བའི་ལོ་རྒྱུས་སྐོར་ལ་ཁུངས་དག་པའི་ལོ་རྒྱུས་མང་པོ་མེད་ཀྱང་། ཁོང་ཉིད་སྤྱི་ལོ་སྔོན་གྱི་ལོ་ ༢༨༧ པའི་ནང་གནའ་བོའི་གྷི་རིཀ་གི་གྲོང་ཁྱེར་སཱཡེ་རེ་ཀོས྄ (Syracuse) རུ་འཁྲུངས་པ་ཤེས་ཐུབ་པ་དང་། ཁོང་གི་ཡབ་ཕྷི་ཌི་ཡས྄་ (Phidias) ནི་གནམ་རིག་བརྟག་དཔྱད་པ་ཞིག་ཡིན་པ་དང་། ཁོས་རང་ཉིད་ཀྱི་བུའི་ཚན་རིག་ལ་འཛིན་པའི་སྤྲོ་སྣང་དེར་སྐུལ་འདེད་རྒྱབ་སྐྱོར་བྱས་ཡོད། གཞན་ཁོང་གིས་གཉེན་སྒྲིག་བྱས་མྱོང་ཡོད་མེད་དང་ཕྲུ་གུ་ཡོད་མེད་སོགས་ཀྱི་ལོ་རྒྱུས་ཁ་གསལ་ཞིག་མི་འདུག

ཨར་ཁི་མི་ཌས྄་ཡིས་སཱཡེ་རེ་ཀོས྄་རུ་གང་འཇོན་འཇོན་གྱིས་སློབ་སྦྱོང་ལ་འབད་པ་བྱས་པ་དང་ཕྱིས་སུ་ཨི་ཇིབཊ་གི་ཨེ་ལེཀ་ཛན་ཌརྱི་ཕྱོགས་སུ་ཕེབས་པ་རེད། ཨེ་ལེཀ་ཛན་ཌརྱི་ནི་རླབས་ཆེན་གྱི་ཨེ་ལེཀ་ཛན་ཌར་གྱིས་སྤྱི་ལོ་སྔོན་གྱི་ལོ ༣༢༢ ནང་གསར་དུ་རྒྱག་མ་ཐག་པའི་གྲོང་ཁྱེར་གསར་པ་ཞིག་ཡིན་མོད། ཡིན་ནའང་དེ་ནི་སྔ་ས་ནས་རིག་གཞུང་དང་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་གྲགས་ཟིན་པ་རེད། ཁོང་གིས་ས་གནས་དེའི་དཔེ་མཛོད་ཁང་ཆེན་པོ་ཞིག་ཏུ་ལས་ཀ་བྱས་པའི་ཞོར་ལ་རྩིས་རིག་མཁས་དབང་མང་པོར་བརྟེན་ནས་སློབ་སྦྱོང་བྱས། ཕྱིས་སུ་གྲོང་ཁྱེར་སཱཡེ་རེ་ཀོས྄་རུ་ཕྱིར་ལོག་པ་དང་དུས་སྐབས་དེར་བྱུང་བའི་རོ་མཱན་དང་སཱཡེ་རེ་ཀོས྄ (Syracuse) གཉིས་བར་གྱི་དམག་འཁྲུག་ཐེངས་གཉིས་པའི་སྐབས་སུ་མཚོན་ཆ་སྣ་ཚོགས་གསར་གཏོད་ཀྱིས་སྐད་གྲགས་ཆེན་པོ་ཆགས་པ་རེད།

གསར་རྙེད་དང་གསར་གཏོད།


ཁོང་གིས་སྙན་གྲགས་ཆེ་བ་འི་གསར་རྙེད་མང་པོ་ཞིག་ལས་ཞིང་ཁར་ཆུ་འདྲེན་རྒྱུའི་ཆེད་དུ་དམའ་ས་ནས་མཐོ་སར་ཆུ་འདྲེན་པའི་ཆུ་འདྲེན་འཕྲུལ་ཆས་དང་། གཞན་ཡང་གཟའ་སྐར་དཔྱད་ཞིབ་ཁང་ཞིག་དང་། དམག་འཁྲུག་གི་མཚོན་ཆ་སྣ་ཚོགས། ཟུང་ལྡན་འདེགས་འཇའ་དང་འཇའ་ཤིང་སྣ་ཚོགས་བཅས་ནི་དཔེར་མཚོན་གྱི་གསར་གཏོད་ཁག་ཅིག་རེད།



གཞན་ཡང་མིང་ཆད་ངན་པ་ཐོབ་མྱོང་བ་དང་ཡང་ཡང་མི་རྣམས་ཀྱི་གླེང་གཞིར་གྱུར་པའི་མེ་ལོང་མེ་འབར་མ་ (burning mirrors) བེད་སྤྱད་ནས་སཱཡེ་རེ་ཀོས྄་ཡི་ཁ་གཏད་ཀྱི་དགྲ་བོའི་གྲུ་གཟིངས་ཐོག་ཉི་མའི་ལྡོག་འཕྲོ་བཏང་ནས་མེ་བསྲེགས་བཏང་བ་དེར་བརྟེན་ནས་ཁོང་ལ་མིང་གྲགས་ངན་པའང་ཆགས་མྱོང་བ་རེད། གཅིག་བྱས་ན་ཁོང་གི་མི་ཚེའི་ལོ་རྒྱུས་ནང་གི་སྙན་གྲགས་ཆེས་ཆེ་བ་གཅིག་ནི་གཤེར་འཇགས་རིག་པའི་གཏན་སྲོལ (law of hydrostatics) གསར་རྙེད་བྱས་པ་དེ་ཡིན་པར་ངེས། ཁོང་གི་མི་ཚེའི་ལོ་རྒྱུས་སུ་གསལ་བ་ལྟར་ན། ཉིན་ཞིག་ཁོང་ཉིད་འཁྲུས་གཞོང་ནང་ལ་བུད་དུས་འཁྲུས་གཞོང་ནང་གི་ཆུ་ཕྱི་རོལ་ལ་འཕོ་བར་གྱུར། སྐབས་དེར་ཁོང་གིས་ལམ་སེང་དངོས་པོའི་བོངས་ཚད་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཆུ་ཕྱི་རོལ་ལ་འཕོ་ངེས་པ་རྟོགས་པ་དང་། རིམ་བཞིན་ཨར་ཁི་མིཌས྄་ཡི་གཏན་ཚིགས་སུ་གྲགས་པ་དེ་ཉིད་འཕེལ་འགྱུར་བྱེད་པར་ཁ་ཕྱོགས་པ་རེད། གཏན་ཚིགས་དེས་བསྟན་པ་ནི་ཁྱེད་ཀྱིས་དངོས་པོ་ཞིག་གཤེར་གཟུགས་ཀྱི་ནང་དུ་གཞག་ནས་དེའི་འཕྱོ་ཤུགས (buoyancy) དང་། གཤེར་གཟུགས་དེ་ཚད་ཇི་ཙམ་ལ་ཡར་འཕགས་ངེས་པ་སོགས་ཐག་གཅོད་བྱེད་ཐུབ་པ་དེ་རེད། ཁྱད་དུ་འཕགས་པའི་གསར་གཏོད་མང་པོ་ཞིག་ཕུད་ཁོང་གི་འབུར་དུ་ཐོན་པའི་གྲུབ་འབྲས་མང་པོ་ཞིག་ནི་རྩིས་རིག་པའི་ཕྱོགས་སུ་བཞག་མྱོང་བ་དང་། ད་ཆ་ཁོང་ནི་ཧྲིལ་གྲངས་རྩིས་རིག་གི་ཡབ་ཆེན་དུ་འབོད་པ་དང་། ཁོང་གིས་རྩིས་རིག་པ་དང་དངོས་ཁམས་ཚན་རིག་གི་ཐད་ལ་གསར་རྙེད་ཧ་ཅང་མང་པོ་བྱས་ཡོད་པ་མ་ཟད། ཁོང་གི་གསང་བརྟོལ་ཁག་ནི་ཆེས་སྔོན་ཐོན་ཤ་སྟག་ཡིན་པས་སྐབས་ཐོག་དེའི་མི་རྣམས་ཀྱི་ནང་ནས་རེ་ཟུང་ཞིག་གིས་མ་གཏོགས་གོ་དོན་རྟོགས་ཐུབ་མེད། གནའ་དུས་ཀྱི་རྩིས་རིག་པའི་མཁས་པའི་དབང་པོ་དང་། རིག་གསར་བསྐྱར་དར་མ་བྱུང་གོང་དུ་རིག་པ་རྣོ་ཞིང་ཟབ་ལ་མཐོང་རྒྱ་ཡངས་པའི་ཚན་རིག་པ་ཁོང་ལྟ་བུ་ཞིག་བྱུང་མ་མྱོང་བར་བཤད།



ཁོང་གི་མཚན་དང་རྗེས་སུ་མཐུན་པར་བཏགས་པའི་དངོས་ཁམས་རིག་པའི་གཏན་ཚིགས་ཨར་ཁི་མིཌས྄་ཡི་གཏན་ཚིགས་ཞེས་པ་དེ་ལ་བརྟེན་ནས་འཛམ་གླིང་ཧྲིལ་པོའི་གཞི་རིམ་སློབ་མ་ནས་མཐོ་རིམ་སློབ་མ་ཚང་མའི་ཁྲོད་དུ་ཁོང་གི་མཚན་ནི་རྒྱུས་མངའ་ཆེས་ཆེ་ཤོས་དེ་ཡིན། སྤྱི་ལོ་སྔོན་གྱི་ལོ་༢༡༣ ནང་རོ་མཱན་དམག་དཔུང་གིས་གྲོང་ཁྱེར་སཱཡེ་རེ་ཀོས྄་བཙན་བཟུང་བྱེད་ཐབས་ལ་འབད་ཀྱང་། ལོ་ངོ་གཉིས་ཙམ་གྱི་རིང་ལ་ཨར་ཁི་མིཌས྄་ཡིས་གསར་གཏོད་བྱས་པའི་མཚོན་ཆ་ཁག་ལ་བརྟེན་ནས་ཁོང་ཚོས་རང་ཉིད་ཀྱི་གྲོང་ཁྱེར་བརྟན་སྲུང་བྱས་ཐུབ་པ་བྱུང་ཡོད། ཡིན་ནའང་མཇུག་མཐར་རོ་མཱན་དམག་གིས་ཁོང་ཚོའི་གྲོང་ཁྱེར་བཙན་བཟུང་བྱས་པ་དང་། ལོ་རྒྱུས་སུ་གྲགས་པ་ལྟར་ན་རོ་མཱན་དམག་གིས་ཁོང་ཉིད་སུ་ཡིན་མ་ཤེས་པར་བཀྲོངས་པར་གྲགས་སོ།།


1 འགུལ་མེད་གཏན་འཇགས་སུ་གནས་པའི་གཤེར་གཟུགས་ཀྱི་རིག་པ་སྟེ། གཏན་འཇགས་སུ་གནས་པའི་གཤེར་གཟུགས་ཀྱི་སྙོམ་ཚད་དང་དེའི་སྟེང་གི་གནོན་ཤུགས། བཙུར་ཤུགས་སོགས་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་གི་ཡན་ལག་ཅིག་ལའོ།།
2 དངོས་པོ་འཕྱོ་བར་བྱེད་པའི་ཤུགས་ཏེ། གཤེར་གཟུགས་སམ་ཡང་ན་རླུང་རྫས་ཀྱི་སྟུག་ཚད་ཅུང་ཞན་པའི་དངོས་རིགས་རང་སྟེང་ལ་དབྱིངས་པར་བྱེད་པའི་བྱེད་རྩོལ་ལ་གོ།

Post a Comment

Previous Post Next Post