ང་ཚོའི་འཛམ་བུ་གླིང་འདི་བཞིན་ཟླ་བ་དང་གཟའ་སྐར་ལྟ་བུའི་ས་རྡོའི་གོང་བུ་ཙམ་ཞིག་མིན་པར་ཚེ་སྲོག་འཁོར་བའི་གནས་དང་མིའི་འགྲོ་བ་འཕེལ་ཏེ་དཔལ་ཡོན་དར་སའི་གཞི་ཡང་ཡིན་པ་ནི་མཐོང་ཆོས་སུ་གནས། འོན་ཀྱང་སའི་གོ་ལ་འདིའི་ལོ་ཚད་དང་རྒྱ་ཁྱོན། གྲུབ་ཚུལ་སོགས་ཏོག་ཙམ་དཔོག་པར་དཀའ་བའི་གནད་རྣམས་གང་འདྲ་ཡིན་ནམ་སྙམ་པའི་དོགས་པ་ནི་སུ་ལའང་ཡོང་སྲིད་ཅིང་། ཁྱད་པར་དུ་གོ་ལ་ཆེན་པོའི་ལྗིད་ཚད་དང་བོངས་ཚད་སོགས་ང་ཚོས་ཇི་ལྟར་ཤེས་སམ་སྙམ་པའི་ཐེ་ཚོམ་ནི་དེ་བས་ཀྱང་འབྱུང་སྲིད་པས་སྐབས་འདིར་ང་ཚོའི་རྟེན་གཞིའི་གནས་ཚུལ་རོབ་ཙམ་ཞིག་ལོ་རྒྱུས་ཀྱི་བྱུང་བ་དང་སྦྱར་ཏེ་བཤད་པར་འདོད།

འཛམ་བུ་གླིང་གི་ལོ་ཚད།


ཚན་རིག་ཆེར་མ་དར་སྔོན་རོལ་ནས་ཆོས་ལུགས་ཀྱི་འདོད་ཚུལ་མང་དག་ཅིག་དར་ཡོད་ཅིང་། དེ་དག་གིས་རང་རང་གི་ཆོས་ལུགས་དང་གྲུབ་མཐའི་འདོད་ཚུལ་ལས་འཇིག་རྟེན་ཆགས་ཚུལ་སོགས་ཀྱི་གཏམ་བཤད་འདྲ་མིན་མང་དག་ཅིག་བྱས་ཡོད། དེ་ལས་དུ་མ་ཞིག་རྟོག་བཟོ་ཙམ་ལས་རྒྱུ་མཚན་ཡང་དག་དང་ཞིབ་ཚགས་པོའི་རྟོག་ཞིབ་ལ་བརྟེན་པའི་བདེན་དོན་མིན། དཔེར་ན་ཡེ་ཤུ་ཆོས་ལུགས་ནང་འཇིག་རྟེན་གྱི་ཁམས་ཡོངས་སུ་རྫོགས་པ་ཉིན་ཞག་དྲུག་གི་ནང་བཀོད་པར་འདོད་པ་ལྟ་བུ་རེད། རྟོག་ཞིབ་དང་བརྟག་དཔྱད་ཀྱི་ལམ་གཙོ་བོར་ཟིན་ནས་ཕྱི་དངོས་པོའི་རྣམ་གཞག་གཏན་ལ་འབེབས་པའི་ཚན་རིག་དར་ནས་བཟུང་འཇིག་རྟེན་ཁམས་ཀྱི་གསང་བའི་གནད་རྣམས་རིམ་བཞིན་མི་རྣམས་ལ་མངོན་པར་གསལ་ཡོད། ཚན་རིག་གི་རིག་གཞུང་དར་ནས་མིའི་ཤེས་བྱའི་བང་མཛོད་ཇེ་ཆེ་ཇེ་ཆེར་འགྲོ་མུས་ཡིན་ཞིང་། འཕྲུལ་རིག་དར་བའི་རྐྱེན་གྱིས་མི་ཚེའི་སྤུས་ཀ་ཡག་ཏུ་ཕྱིན་ཡོད་ནའང་མིའི་བསམ་བློའི་ཡར་རྒྱས་དང་ཀུན་སྤྱོད་ཀྱི་མཛེས་སྡུག་ནི་ཆོས་ལུགས་ཀྱི་སློབ་གསོ་དང་མིག་སྟོན་ལ་ཧ་ཅང་རག་ལུས་པ་རེད། གང་ལྟར་ཡང་ཆོས་ལུགས་དང་ཚན་རིག་གཉིས་ཀའི་དར་རྒྱས་ནི་མིའི་ལུས་སེམས་ཟུང་གི་བདེ་ཐབས་ལ་སྨན་པ་ཡིན་པ་ནི་ཚང་མས་ཤེས་དགོས་པ་ཞིག་ཡིན། ཞོར་འཕྲོས་སྤངས་ཏེ་སྐབས་ཀྱི་དོན་བཤད་པ་ལ།

ཐོག་མར་འཛམ་བུ་གླིང་གི་ལོ་ཚད་གཏན་ལ་ཕབ་པའི་རིམ་པ་ནི། ཕྱི་ལོ་ ༡༧༤༩ ལོར་ཕ་རན་སིའི་རང་བྱུང་སྨྲ་བ་སྦུ་ཕོན་གྱིས་རང་འབྱུང་ལོ་རྒྱུས་༡ ཞེས་པའི་དེབ་ཕྲེང་དང་པོའི་ནང་དུ་འཛམ་བུ་གླིང་ཐེ་བའི་གཟའ་གཞན་རྣམས་ཉི་མ་དང་དུ་བ་མཇུག་རིང་བརྡབས་པ་ལས་གྲུབ་པ་ཡིན་པའི་བསམ་ཚུལ་བཤད་ཡོད། དེབ་དེའི་ནང་དུ་ཁོང་གིས་སྐྱེ་དངོས་འཕེལ་རིམ་གྱི་རྣམ་གཞག་ཀྱང་གསལ་པོར་བཤད་ཡོད་པ་དེ་ནི་དེ་སྔོན་རང་བྱུང་ལོ་རྒྱུས་སྨྲ་བ་སུས་ཀྱང་བྱེད་མ་ཕོད་པའམ་མི་བྱེད་པའི་དོན་ཞིག་ཡིན། སྦུ་ཕོན་གྱིས་འཛམ་བུ་གླིང་གི་ལོ་ཅི་ཙམ་ཡིན་མིན་ཚོད་རྩིས་བྱེད་ཐབས་ཀྱིས་འཛམ་བུ་གླིང་གི་ཆེ་ཚད་དང་ལྡན་པའི་གཟུགས་ཤིག་ཉི་མའི་དྲོད་ཚད་ལས་འཛམ་བུ་གླིང་གི་དྲོད་ཚད་བར་གྲང་མོར་གྱུར་བར་ལོ་ཅི་ཙམ་འགོར་བའི་རྩིས་སྐོར་བྱས། ཁོང་གིས་དེ་ནི་ལོ་ ༧༥༠༠༠ འགོར་གྱི་ཡོད་པ་དང་། ལོ་༤༠༠༠༠ ཙམ་གྱི་གོང་དུ་འཛམ་བུ་གླིང་གི་དྲོད་ཚད་ནི་སྲོག་འཚོ་ཐུབ་པའི་དྲོད་ཚད་དུ་གྲང་ཟིན་པ་དང་། ད་དུང་ཡང་ལོ་ངོ་ ༩༠༠༠༠ བར་དུ་གནས་ཏེ་དེ་ནས་སྲོག་འཚོ་བར་དཀའ་བའི་གྲང་ངར་ཅན་དུ་འགྱུར་རྒྱུ་ཡིན་པའི་ཚོད་དཔག་ཀྱང་བྱས། ཁོང་གིས་ཚོད་དཔག་འདི་དག་ནི་དེང་གི་ཚན་རིག་པས་འདོད་པའི་ཚོད་དཔག་ལས་ཧ་ཅང་གི་ཆུང་བ་ཡིན་ནའང་། ཁོང་ནི་དེ་སྐབས་ཡོངས་གྲགས་སུ་འདོད་པའི་འཛམ་བུ་གླིང་གི་ལོ་ ༦༠༠༠* ལས་ཆེས་ཆེ་བ་ཡིན་པའི་བསམ་ཚུལ་འདོན་མཁན་གྱི་ཚན་རིག་པ་གལ་ཆེན་ཞིག་ལོས་ཡིན། འོན་ཀྱང་སྦུ་ཕོན་གྱི་ཚོད་རྩིས་ནི་ཚོད་དཔག་རྐྱང་པ་ལས་མ་འདས། དེ་ནས་དབྱིན་ཇིའི་ས་གཤིས་སྨྲ་བ་༢ འཇེམ་སི་ཧུའུ་ཊོན་༡༧༢༦ ནས་ ༡༧༩༧ གྱིས་དབྱིན་ཡུལ་གྱི་ས་ཁུལ་གང་སར་ཆགས་པའི་རྡོ་རིགས་རྣམས་ལ་ལོ་མང་རིང་བརྟག་དཔྱད་ཞིབ་ཚགས་བགྱིས་མཐར་མཐོང་སྣང་བྱུང་བ་ལྟར་ན་འཛམ་བུ་གླིང་གི་བཀོད་པ་དེ་འགྱུར་རིམ་ཆེས་ཤིན་ཏུ་དལ་པོའི་ངང་འགྲོ་བཞིན་ཡོད་པ་དང་། རྡོ་རིགས་ཁ་ཤས་ནི་ཆུ་འོག་ཆགས་པའི་ས་འདམ་ཆུའི་གནོན་ཤུགས་ཀྱིས་བཙིར་བ་ལས་གྲུབ་ཅིང་། རེས་འགའ་ནི་མེ་རི་ལས་འཛགས་པའི་རྡོ་བཞུན་གྲང་བ་ལས་བྱུང་ཡང་རླུང་དང་ཆུ་ཡིས་དལ་གྱིས་ཟད་པ་སོགས་མཐོང་། འདས་ལོ་དུ་མའི་རིང་འགྱུར་བ་འདི་དག་ཧ་ཅང་དལ་པོའི་ངང་ཕྱིན་པ་ཡིན་པས། ཁོང་གིས་འགྱུར་བའི་དལ་ཚད་དང་ཆེ་ཚད་ལས་འཛམ་བུ་གླིང་གི་ལོ་རབས་ཚོད་དཔག་བྱེད་ཐུབ་པར་བཤད། དེ་ལྟའི་ལྟ་བ་འདོད་མཁན་ལ་ཆ་སྙོམས་སྨྲ་བ་༣ ཞེས་བརྗོད་དེ་བསྐལ་བའི་བར་ཆ་སྙོམས་ཀྱི་འགྱུར་བ་ལས་འཇིག་རྟེན་རིམ་གྱིས་ཆགས་པར་འདོད་པས་ཡིན། དེ་ནི་གློ་བུར་གོད་ཆག་སྨྲ་བའི་འདོད་ཚུལ་དང་རྒྱབ་འགལ་ཏག་ཏག་ཏུ་ཡོད་དེ། གོད་ཆག་སྨྲ་བ་༤ རྣམས་ཀྱིས་ལྟོས་ས་ལྟོས་འཇོག་གི་དུས་ཡུན་ཐུང་ངུའི་ནང་འཛམ་བུ་གླིང་ལ་གོད་ཆག་ཆེན་པོའི་རྐྱེན་པས་འགྱུར་བ་ཆེན་པོ་འགྲོ་བར་འདོད་དེ་དཔེར་ན་ཡེ་ཤུའི་ལོ་རྒྱུས་ནང་ནོ་ལྭ་ཡི་ཆུ་རླབས་ཀྱི་རྐྱེན་ངན་ལྟར་རོ།། ཧུའུ་ཊོན་གྱིས་རང་གི་མཐོང་སྣང་རྣམས་སའི་གོ་ལའི་གྲུབ་དོན་༥ ཞེས་པའི་དཔེ་དེབ་ནང་ཕྱི་ལོ་ ༡༧༨༥ ལོར་དཔར་བསྐྲུན་བྱས། ཁོང་གིས་འཛམ་གླིང་གི་ལོ་ཚད་ཚོད་དཔག་རང་མི་བྱེད་ཀྱང་འཛམ་བུ་གླིང་ནི་ཧ་ཅང་གི་རྒན་འཁོགས་ཡིན་དགོས་པ་དང་། མཐོང་ཚུལ་ལས་དེའི་ཐོག་མའི་ཆགས་ལོ་བཤད་ཐུབ་པའི་རྟགས་མཚན་གང་ཡང་མི་འདུག་ཅེས་ཁོང་གིས་བརྗོད། འོན་ཀྱང་སའི་གོ་ལའི་ཆགས་ལོ་ནི་དེ་བས་ཆེས་ཤིན་ཏུ་ནས་སྔ་རོལ་ཏུ་བྱུང་བ་ནི་ལོ་ངོ་དུང་ཕྱུར་སུམ་ཅུ་སོ་ལྔ་ཙམ་གྱི་རྡོ་རྙིང་ནང་འབུ་སྲིན་ཕྲ་མོའི་སྐྱེ་ལྡན་ཕྲ་གཟུགས་སོགས་རྙེད་སོན་བྱུང་བའི་ཁུངས་སྐྱེལ་ལས་ཤེས་ཐུབ། ད་ཆ་འཛམ་བུ་གླིང་གི་ལོ་ནི་དུང་ཕྱུར་བཞི་བཅུ་ཞེ་དྲུག་ཙམ་ཞིག་ཡིན་པར་ཚན་རིག་པས་བཞེད་ཚུལ་མཐུན་ཏོ།

འཛམ་བུ་གླིང་གི་ཆེ་ཚད།

ལོ་རྒྱུས་ནང་འཛམ་བུ་གླིང་ལེབ་མོ་མ་ཡིན་པར་ཟླུམ་པོ་ཡིན་པའི་ཚོད་དཔག་དང་པོར་བྱེད་མཁན་ནི་གྷི་རིག་གི་ལྟ་གྲུབ་སྨྲ་བ་པཡི་ཐོ་གྷོ་ར་སི་ཡེ་ཤུ་སྔོན་ལོ་ ༥༢༠ཡིན་ལ། འོན་ཀྱང་གྷི་རིག་གི་སྙན་གྲགས་ཅན་གྱི་ལྟ་གྲུབ་སྨྲ་བ་ཨེ་རིས྄་ཀྲོ་ཀྲལ་ཡེ་ཤུ་སྔོན་ལོ་ ༣༨༧གྱིས་རྒྱུ་མཚན་དང་བཅས་པའི་སྒོ་ནས་འཛམ་བུ་གླིང་ཟླུམ་པོར་བསྒྲུབས་པ་རེད། སའི་གོ་ལ་ཟླུམ་པོ་ཡིན་པ་ཤེས་རྟོགས་བྱུང་ནས་ལོ་ངོ་བརྒྱ་ཕྲག་སོང་རྗེས་གཞི་ནས་དེའི་ཆེ་ཚད་ངེས་ཐུབ་པ་བྱུང་ཡོད། ཡེ་ཤུ་སྔོན་ལོ་ ༢༤༠ ཙམ་ལ་གྷི་རིག་གི་མཁས་པ་ཨེ་ར་ཊོ་སི་ཐིན་གྱིས་ཡེ་ཤུ་སྔོན་ལོ་ ༢༧༦ ཙམ་ལ་འཛམ་བུ་གླིང་གི་མུ་ཁྱུད་ཚད་འཇལ་ཐབས་ཤིག་བརྙེད་པ་རེད། ཁོང་གིས་ཤེས་ཚོད་ལ་དབྱར་གྱི་ཉི་མ་འཛམ་གླིང་ནས་རྒྱང་ཐག་རིང་ཤོས་ཀྱི་སྐབས་ཨི་འཇིབ་ཀྱི་གྲོང་ཁྱེར་ཨེ་ལེག་ཛེན་ཌི་ཡའི་༦ ལྷོ་ཕྱོགས་སུ་ཆག་པའི་ས་ཡིན་༧ ཞེས་པའི་གྲོང་ཁྱེརདེང་གི་ཨེ་སི་ལྭན་དུ་ཉིན་གུང་ཏག་ཏག་ལ་གྲིབ་མ་ཕོགས་ཀྱི་མེད་པ་དེ་རེད། དེས་གང་མཚོན་པ་རེད་ཅེ་ན་ས་ཡིན་གྲོང་ཁྱེར་དུ་ཉིན་གྱི་གུང་མོ་ཏག་ཏག་ལ་ཉི་མ་ཐད་ཀར་མགོ་སྟེང་དུ་ཡོད་ལ། འོན་ཀྱང་དུས་ཚོད་དེ་ག་རང་ལ་ཨེ་ལེག་ཛེན་ཌི་ཡའི་གྲོང་ཁྱེར་དུ་གྲིབ་མ་བྱུང་བས་གུང་གི་ཉི་མའི་གནས་བབ་ནི་ཐད་ཀར་མགོ་སྟེང་དུ་མེད་པར་ཏོག་ཙམ་ཟུར་དུ་ཡོད་པར་མཚོན། དེ་ཡང་ཐད་ཀར་མགོ་སྟེང་གི་གནས་ས་དེ་ལས་ཟུར་ཚད་༨ བདུན་གྱི་སར་ཡོད་པ་རེད། ཁྱད་པར་དེ་ནི་ས་ཡིན་དང་ཨེ་ལེག་ཛེན་ཌི་ཡའི་བར་གྱི་འཛམ་བུ་གླིང་གི་ས་ངོས་དེ་ཟླུམ་སྒོར་ཡོད་པའི་རྐྱེན་གྱིས་ཡིན་པ་ལས་གོར་མ་ཆག ལྷོར་ཆགས་པའི་ས་ཡིན་གྲོང་ཁྱེར་དང་བྱང་དུ་ཡོད་པའི་ཨེ་ལེག་ཛེན་ཌི་ཡའི་བར་གྱི་རྒྱང་ཐག་རིང་ཐུང་ཤེས་པ་ལས་ཁོང་གིས་གྲོང་ཁྱེར་གཉིས་པོའི་བར་གྱི་ས་ངོས་གོར་མོ་དེ་རྒྱ་ཇི་ཙམ་བསྐྱེད་ན་འཛམ་བུ་གླིང་ལ་སྐོར་བ་ཆ་ཚང་ཞིག་ཐེབས་ཀྱི་ཡོད་པ་བརྩིས་སུ་བསྐོར། རྩིས་འབྲས་སུ་འཛམ་བུ་གླིང་གི་མུ་ཁྱུད་ལ་མེ་ལེ་ཉིས་ཁྲི་ལྔ་སྟོང་ཐོབ་པ་དེ་ལྟར་དུ་བདེན་པ་ཡིན། དེ་ནས་ལོ་ངོ་ཆིག་སྟོང་ཙམ་གྱི་རིང་ལ་ཁོང་གིས་རྩིས་འབྲས་དེ་ཡག་ཏུ་གཏོང་ཐུབ་མེད། འོན་ཀྱང་ ༡༦༨༤ ལོར་ཕ་རན་སིའི་གཟའ་སྐར་རིག་པ་བ་ཇོན་པི་ཀར་༡༦༢༠ ནས་ ༡༦༨༢ གྱིས་རྟོག་ཞིབ་བྱས་པ་ཁག་ཅིག་ཁོང་འདས་རྗེས་དཔར་འགྲེམས་བྱས་པའི་ནང་ཁོང་གིས་ཉི་མའི་ཚབ་ཏུ་སྐར་མ་ཞིག་བདམས་ཏེ་ས་ཆ་འདྲ་མིན་ནས་སྐར་མ་དེའི་གནས་གཞི་དང་ཐད་ཀར་མགོ་སྟེང་གི་གནས་གཞི་གཉིས་བར་གྱི་རྒྱང་ཐག་ཚད་འཇལ་བྱས། རྒྱང་མཐོང་ཆེ་ཤེལ་བེད་སྤྱོད་བྱས་པའི་ཁོང་གི་ཐབས་ལམ་འདི་ནི་གནད་ལ་ཕིགས་པ་ཡོད་པས་ཁོང་གིས་སའི་མུ་ཁྱུད་མེ་ལེ་ ༢༤༨༧༦ དང་འཛམ་བུ་གླིང་གི་ཕྱེད་ཐིག་མེ་ལེ་ ༧༩༠༠ ཡོད་པ་བསྟན་པ་དེ་ནི་དེང་སང་གི་ཚད་དང་ཧ་ཅང་ཉེ། ཕྱེད་ཐིག་གི་ཆེ་ཚད་ལས་འཛམ་བུ་གླིང་གི་བོངས་ཚད་ཀྱང་བརྩི་ཐུབ་པ་བྱུང་།།

འཛམ་བུ་གླིང་གི་གདོས་ཚད།


སའི་གོ་ལ་ལྗིད་པོ་དེའི་ལྗིད་ཚད་ཇི་ལྟར་དང་སུས་འཇལ་བ་ཡིན་ནམ་ཞེ་ན། དེ་ནི་ཐད་ཀར་ཚད་འཇལ་འཕྲུལ་ཆས་ལྟ་བུ་ནང་དུ་བཅུག་སྟེ་དངོས་སུ་འཇལ་ག་ལ་ཐུབ། འོ་ན་ཇི་ལྟར་ཞེ་ན་རྩིས་རིག་གི་ལམ་ནས་བཅལ་བ་ཡིན། དེ་ཡང་ ༡༦༨༧ ལོར་ནེའུ་ཊོན་གྱིས་སའི་འགུག་ཤུགས་མཉམ་བྱ་གསར་དུ་བསྟན་ལ་དེའི་ནང་མཚོན་བྱེད་ཁ་ཤས་ཡོད་པ་ནི། སའི་འགུག་ཤུགས་ཀྱི་འགྱུར་མེད་གྲངས་ཆ་༩ དང་། གཟུགས་གཉིས་ཀྱི་གདོས་ཚད། དེ་གཉིས་བར་གྱི་རྒྱང་ཐག་དང་མྱུར་ཚད་འཕར་ཆག་འགྲོ་ཚད་ཏེ་སྣོན་ཚད་༩ བཅས་ལྔ་ཡིན། ཅ་དངོས་ཤིག་ས་ཐོག་ཏུ་ཟགས་པའི་དབང་དུ་བཏང་ན་དེའི་ལྗིད་ཚད་དང་འཛམ་གླིང་དཀྱིལ་ནས་རྒྱང་ཐག་རིང་ཚད། དེའི་མྱུར་ཚད་འཕར་ཆག་འགྲོ་ཚད་བཅས་ནི་དེ་སྐབས་ཤེས་ཀྱི་ཡོད། བྱས་ཙང་མི་ཤེས་པའི་མཚོན་རྟགས་གཉིས་ལྷག་ཡོད་པ་ནི་འགུག་ཤུགས་ཀྱི་འགྱུར་མེད་གྲངས་ཆ་དང་འཛམ་བུ་གླིང་གི་གདོས་ཚད་གཉིས་ཡིན། གལ་ཏེ་ང་ཚོས་འདི་གཉིས་ལས་གཅིག་ཤེས་རྟོགས་བྱུང་བ་ཡིན་ན། གཞན་དེ་འགུག་ཤུགས་མཉམ་བྱ་ལས་ཤེས་ཐུབ་པ་ཡིན། འགུག་ཤུགས་རྒྱུན་གྲངས་ནི་བེམ་གཟུགས་མཐའ་དག་ལ་མཚུངས་པ་ཡིན་པས་གལ་ཏེ་ང་ཚོས་གདོས་ཚད་དང་རྒྱང་ཐག་གཉིས་ཀ་འཇལ་ཐུབ་པའི་གཟུགས་གཉིས་དབར་གྱི་འགུག་ཤུགས་ཤེས་པ་བྱུང་ཚེ། དེ་ལས་འགུག་ཤུགས་ཀྱི་འགྱུར་མེད་གྲངས་ཆ་ཤེས་ཐུབ་ལ། དེ་ཤེས་རྗེས་འཛམ་བུ་གླིང་གི་གདོས་ཚད་ཀྱང་རྩིས་སྐོར་ཐུབ་པ་ཡིན། འོན་ཀྱང་དཀའ་ངལ་གཅིག་ཡོད་པ་ནི་ང་ཚོས་འཇལ་ཐུབ་པའི་བེམ་གཟུགས་ཀྱི་གདོས་ཚད་གཉིས་པོ་ཞེ་དྲག་གི་ཆུང་ཆུང་ཡིན་པས་དེ་གཉིས་དབར་གྱི་འགུག་ཤུགས་ནི་དེ་བས་ཀྱང་ཆུང་བས་ཚད་འཇལ་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཡོད། གང་ལྟར་ཡང་ ༡༧༩༨ ལོར་ཁེ་ལྭན་ཌི་ཤི་ཡིས་དེ་འཇལ་ཐབས་བྱས་པ་རེད། ཁོང་གིས་རྒྱུགས་པ་ཞིག་ལྕགས་སྐུད་སྲབ་མོ་ཞིག་གིས་དཀྱིལ་ནས་བསྡམས་ཏེ་གནམ་ནས་འཕྱངས། རྒྱུགས་པའི་སྣེ་མོ་རེ་རེར་ཞ་ཉེ་ལས་གྲུབ་པའི་གོང་བུ་རེ་ཡོད་ལ། རྒྱུགས་པ་དེ་ལྕགས་སྐུད་ལས་གེགས་མེད་དུ་གཅུ་ཐུབ་པས་གོང་བུ་གཉིས་པོར་ལྡོག་ཕྱོགས་ནས་ཤུགས་ཕྲ་མོ་བཏབ་པས་ཀྱང་ཚད་འཇལ་ཐུབ་པའི་གཅུ་ཚད་འོང་བ་ཡིན། ཁེ་ལྭན་ཌི་ཤི་ཡིས་ཤུགས་ཕྲན་མི་འདྲ་བ་དུ་མས་གཅུ་ཚད་ཆེ་ཆུང་ཇི་ཙམ་བསྐྱེད་པ་དེ་བཅལ་བ་རེད། དེ་ནས་ཁོང་གིས་ཞ་ཉེ་ལས་གྲུབ་པའི་གོང་བུ་རེའི་ཕྱོགས་རེར་ཉེ་འགྲམ་དུ་གོང་བུ་ཆེན་པོ་རེ་བཞག་པ་རེད། གོང་བུ་ཆེ་ཆུང་གཉིས་གཉིས་ཀྱི་བར་གྱི་འགུག་ཤུགས་ཀྱིས་ལྕགས་སྐུད་དེ་གཅུས། ཁོང་གིས་གཅུ་ཚད་བཅལ་རྗེས་གཟུགས་གཉིས་བར་གྱི་འགུག་ཤུགས་བརྩིས་པ་རེད། དེ་ལས་འགུག་ཤུགས་ཀྱི་འགྱུར་མེད་གྲངས་ཆ་རྟོགས་ལ། དེ་ཡོད་པས་འཛམ་བུ་གླིང་གི་གདོས་ཚད་བརྙེད་པ་རེད། ཁོང་ལ་ཐོབ་པའི་འཛམ་བུ་གླིང་གི་གདོས་ཚད་ནི་ཀི་ལོ་སྤང་རྟེན་ ༦༦ ཡིན།༦༦ x ༡༠༢༣ དེ་སྐབས་ཤེས་རྟོགས་ཡོད་པའི་འཛམ་བུ་གླིང་གི་བོངས་ཚད་དང་གདོས་ཚད་གཉིས་ལས་འཛམ་བུ་གླིང་གི་ཆ་སྙོམས་སྟུག་ཚད་དེ་ཆུའི་སྟུག་ཚད་ལས་ལྡབ་ལྔ་དང་ཕྱེད་ཀྱིས་ཆེ་བ་ཡོད་པ་ཤེས། ཁེ་ལྭེན་ཌི་ཤི་ཡི་བརྟག་དཔྱད་ནི་ཧ་ཅང་གི་གནད་ལ་ཕིགས་པ་ཞིག་ཡིན་པས་ཁོང་གི་ཚོད་རྩིས་ནི་དེང་གི་ཆར་འདོད་པའི་ཚོད་རྩིས་དང་ཧ་ཅང་གིས་ཐག་ཉེ། སའི་གོ་ལའི་ཁྱད་ཆོས་ཡ་མཚན་ལ་སྙིང་རྗེ་མོ་གཞན་མང་པོ་ཡོད་ནའང་སྐབས་འདིར་ཐམས་ཅད་བརྗོད་པར་དཀའ་བས་ཀློག་པ་པོ་རྣམས་ཀྱིས་ཚན་རིག་གི་དཔེ་དེབ་གཞན་དང་དུས་དེབ་སོགས་ལ་གཟིགས་པར་སྐུལ་མ་ཞུ་རྒྱུ་ཡིན་ལ་ཚན་རིག་གི་ཚགས་ཤོག་འདིའི་ཐོག་ཀྱང་ཕྱིས་སུ་འཐོན་ངེས་ཡིན།།

[box type="note" size="large" style="rounded"]

རྩོམ་ཐུང་འདིའི་ནང་གི་བརྗོད་བྱ་རྣམས་ཨེ་སི་མོབ་ཀྱི་ཚན་རིག་གསར་རྙེད་ལོ་རབས་རིམ་བཀོད་ཅེས་པའི་དཔེ་དེབ་དང་དྲ་རྒྱ་ལྭི་ཀི་པི་ཌི་ཡ་ལ་ཁུངས་གཏུགས་བྱས།

* འཛམ་བུ་གླིང་གི་ལོ་ ༦༠༠༠ ཙམ་དུ་འདོད་ཚུལ་དེ་བཞིན་༡༦༥༠ ལོར་ཡེ་ཤུའི་སློབ་དཔོན་འཇེམ་སི་ཨ་ཤར་གྱིས་ཡེ་ཤུའི་ཆོས་དེབ་ནང་གསལ་འཛམ་བུ་གླིང་གི་བྱུང་རབས་དར་ཚུལ་ལ་གཞི་བཅོལ་ཏེ་འཇིག་རྟེན་བཀོད་པ་པོས་འཛམ་བུ་གླིང་ནི་ཡེ་ཤུའི་སྔོན་ལོ་ ༤༠༠༤ ལོར་ཐོག་མར་བཀོད་བསྒྲུབས་བྱས་པར་བཤད་པ་བཞིན་མང་ཚོགས་ནས་དེ་ལྟར་དུ་འདོད་པ་ཞིག་རེད།

[/box]

༡ Natural History ༢ Geologist ༣ Uniformitarianism༤ Catastrophism ༥ Theory of Earth༦ Alexandria ༧ Sayene༨ Degree ༩ Gravitaional constant ༡༠Acceleration

Post a Comment

Previous Post Next Post