སྤྱིར་བཏང་དངོས་རྫས་གང་ཡིན་རུང་དྲོས་སྐབས་ཅུང་རྒྱས་ཤིང་གྲང་སྐབས་ཅུང་འཁུམས་པ་ཡིན། དོན་དངོས་འདི་ལས་མིའི་རིགས་ལ་དྲོད་ཚད་ཏག་ཏག་འཇལ་རྒྱུའི་འཕྲུལ་ཆས་དང་པོ་སྟེ་དངུལ་ཆུའི་ཚ་དྲོད་འཇལ་ཆས་དང་པོ་དེ་བྱུང་བ་ཡིན། "Thermometer" ཞེས་པའི་ཐ་སྙད་དེ་གྷི་རིག་གི་ཚིག་ "therme" སྟེ་དྲོད་དང་ "metron"སྟེ་འཇལ་བ་ཞེས་པ་གཉིས་བསྡོམས་པ་ལས་བྱུང་བ་རེད། དེ་ནི་ཚ་དྲོད་འཇལ་བྱེད་ཀྱི་འཕྲུལ་ཆས་ཤིག་ཡིན།
དངུལ་ཆུ་ཚ་དྲོད་འཇལ་ཆས་ནི་ཐོག་མར་འཇར་མན་དངོས་ཁམས་ཚན་རིག་པ་གྷེ་བི་རི་ཡལ། ཌེ་ནི་ཡལ྄། ཧྥ་རན་ཧ་ཡིད་ཀྱིས་ ༡༧༡༤ ལོར་གསར་བཟོ་བྱས་ཤིང་། ཁོང་གིས་གཞོང་པ་ཟླུམ་པོ་ཞིག་གི་ནང་དངུལ་ཆུ་བཀང་སྟེ་སྦུ་གུ་ཕྲ་མོ་རླུང་རྫས་ཀྱིས་དབེན་པའི་ནང་དྲོས་སྐབས་རྒྱ་བསྐྱེད་དུ་བཅུག སྦུ་གུ་ཕྲ་མོའི་ནང་དངུལ་ཆུ་དལ་རྒྱུགས་བྱེད་པའི་འབོར་ཚད་དང་དྲོད་ཚད་གཉིས་དབར་ཐད་ཀར་གྱི་འབྲེལ་བ་ཡོད་པ་མངོན། ཤེལ་ཡང་རྒྱས་ཀྱི་ཡོད་ནའང་དངུལ་ཆུ་བཞིན་དུ་མང་པོ་མི་རྒྱས། ཁོང་གིས་དངུལ་ཆུས་བཀང་བའི་གཞོང་པ་དེ་ཚྭ་དང་གངས་ཆ་མཉམ་མཉམ་བསྲེ་བྱེད་པའི་ནང་བཞུར་ཚད་ལོན་པའི་ཚ་དྲོད་ཐོག་བཞག་སྟེ་དངུལ་ཆུའི་མཐོ་ཚད་དེར་ ༠ བཀོད། དེ་ནས་ཁོང་གིས་དངུལ་ཆུ་དེ་མིའི་གཟཱུགས་པོའི་དྲོད་ཚད་མ་མཉམ་བར་ཚ་རུ་བཅུག་སྟེ་མཐོ་ཚད་གསར་པ་དེར་ ༡༠༠ བཀོད། ཁོང་གི་མི་དེར་ཚ་བ་ཏོག་ཙམ་ཡོད་པའམ་ཡང་ན་ཧྥ་རན་ཧ་ཡིད་ཀྱིས་ཆུའི་འཁོལ་ཚད་དང་འཁྱགས་ཚད་གཉིས་པོའི་བབ་ཚད་ཡོངས་སུ་རྫོགས་ཆེད་གྲངས་རྟགས་བཀོད་སར་འགྱུར་བ་ཕྲན་བུ་བཏང་བ་འདྲ། རྟགས་གཉིས་ཀྱི་བར་མཚམས་དེ་དུམ་བུ་གཅིག་པ་བརྒྱར་འགོས་ཏེ་་ཧྥ་རན་ཧ་ཡིད་མིང་ཅན་གྱི་རྟགས་ཚད་གསར་བཟོ་བྱས་པ་རེད། རྟགས་ཚད་དེའི་ཐོག་འཁྱགས་པ་གཙང་མའི་བཞུར་ཚད་ ༣༢ དང་ཆུ་གཙང་མའི་འཁོལ་ཚད་༢༡༢ ཡིན་པ་རེད། ཚད་ཅེས་པའི་དབྱིན་ཇིའི་ཐ་སྙད་ནི་ལ་ཊིན་གྱི་ཚིག་ "de-" སྟེ་འོག་མ་དང་"gradus"སྟེ་རིམ་པ་ཞེས་པ་གཉིས་ལས་གྲུབ། ༡༠༠ ནས་ ༠ བར་ཆ་ཆུང་ངུར་བགོ་སྐབས་འོག་མའི་རིམ་པར་འགྲོ་བ་ཡིན། ཕྱི་ལོ་ ༡༧༤༢ ལོར་སུའི་ཌེན྄་གྱི་སྒྱུ་སྐར་རིག་པ་སྨྲ་བ་ཨེན་ཌེར་སི། སེལ་ཤི་སི་ཡིས་འཁྱགས་པ་བཞུ་བའི་དྲོད་ཚད་དེ་ ༡༠༠ དང་ཆུ་འཁོལ་བའི་དྲོད་ཚད་ ༠ ཐོག་འཇོག་དགོས་པའི་བསམ་འཆར་བཏོན། ཕྱིས་སུ་ ༠ དང་༡༠༠ གཉིས་གོ་ཟློག་པ་ཡིན། ཆ་ཚད་བརྒྱར་བགོས་པ་ལས་བརྒྱ་སྐོར་རིམ་པ་ཞེས་པའི་མིང་དེ་ཐོགས་པ་ཡིན། དེ་ཡང་ལེ་ཊིན་གྱི་"centum"སྟེ་བརྒྱ་དང་"gradus"རིམ་པ་ཞེས་པ་ནི་བརྒྱ་སྐོར་རིམ་པའི་ཐ་སྙད་ཀྱི་"centigrade"འབྱུང་གཞི་ཡིན། དེ་ཡང་བཞུར་བ་ནས་འཁོལ་བའི་བར་གྱི་རིམ་པ་བརྒྱ་ཅན་གྱི་ཚད་གཞི་ཡིན། འདི་ལ་མིང་གཞན་སེལ་ཤི་སི་ཡི་ཚད་གཞི་ "Celcius scale" ཞེས་བཟོ་བ་པོའི་མིང་དངོས་པོར་བཏགས་པ་རེད།
ཧྥ་རན་ཧ་ཡིད་ཀྱི་ཚད་གཞི་དེ་ཡོངས་གྲགས་སུ་དབྱིན་ཡུལ་དང་ཨ་རི་གཉིས་སཱུ་སྤྱོད་ཆེ་ཞིང་། འོན་ཀྱང་ཡར་ཐོན་རྒྱལ་ཁབ་གཞན་དང་ཨ་རི་དང་དབྱིན་ཇི་མ་གཏོགས་པའི་ཚན་རིག་པ་གཞན་གྱི་ནང་སེལ་ཤི་སི་ཡི་ཚད་གཞི་བེད་སྤྱད་པ་ཡིན།
Post a Comment