ལོ་རེའི་ནང་འཛམ་གླིང་མི་འབོར་གྱི་རྒྱ་ཆ་༥ ནས་༡༥བར་རྒྱུན་ལྡན་གྱི་ཆམ་ནད་ཕོག་གི་ཡོད་པ་དང་དེས་རྐྱེན་པས་མི་འབོར་ས་ཡ་གསུམ་ནས་ལྔའི་བར་ནད་མནར་ཚབ་ཆེ་ཡོང་གི་ཡོད་པ་མ་ཟད་མི་འབུམ་གཉིས་ནས་ལྔའི་བར་གྱི་ཚེ་སྲོག་ཤོར་གྱི་ཡོད། ཨ་རི་ཁོ་ནའི་ནང་ལོ་རེར་མི་ཁྲི་བཞི་ལྷག་ཆམ་ནད་ཕོག་ནས་ཤི་རྐྱོན་ཡོང་གི་ཡོད་པ་དང༌། ཚེ་སྲོག་ཤོར་བའི་མི་ཕལ་ཆེ་བ་ཕྲུ་གུ་དང་རྒན་འཁོགས། དེ་བཞིན་ནད་གཞི་གཞན་གྱི་རྐྱེན་པས་གཟུགས་ཁམས་བདེ་ཐང་མེད་རིགས་རྣམས་ཡིན། སྤྱིར་འདི་ལོར་བྱུང་བའི་ཕག་ཆམ་དང། སྤྱི་ལོ་༡༩༡༨ ལོར་བྱུང་བའི་སེ་པན་གྱི་ཆམ་ནད་སོགས་ནད་གཞིའི་ངོ་བོའི་ཆ་ནས་སྲིན་བུས་བཟོས་པ་དང་ཆམ་ནད་ཡིན་པ་མཚུངས་ཀྱང་ཁྱབ་ཚད་དང་ཡང་ལྕིའི་ཁྱད་པར་གྱི་རྐྱེན་པས་ནད་ཡམས་འདི་རིགས་གསར་ལམ་བརྒྱུད་རྒྱ་ཁྱབ་འགྲོ་བཞིན་པ་དང་འདིའི་ཐད་བདེན་པ་དང་བདེན་པ་མ་ཡིན་པའི་གནས་ཚུལ་མང་དག་ཞིག་ཁྱབ་འཕེལ་འགྲོ་བཞིན་ཡོད།
ལོ་རེའི་ཆམ་ནད་ཙམ་མ་ཡིན་པར་སྲིན་བུའི་རིགས་ Influenza A འདིས་དུས་རབས་ཉི་ཤུའི་ནང་ཁྱབ་ཆེ་བས་ནད་ཡམས་གསུམ་སྐྲུན་ཡོད། སྤྱི་ལོ་༡༩༡༨ ལོའི་སེ་པན་གྱི་ཆམ་ནད། ༡༩༥༧ ལོའི་ཨེ་ཤེ་ཡེ་ཆམ་ནད། ༡༩༦༨ ལོར་ཧོང་ཀོང་གི་ཆམ་ནད་བཅས་ཡིན། དེ་རྗེས་༢༠༠༩ ལོའི་ཕག་ཆམ་གྱི་ནད་ཡམས་འདི་བྱུང་བ་དང། ཆམ་ནད་འདི་དག་རྣམ་པ་ཕྲན་བུ་འགྱུར་བའི་སྲིན་བུའི་རིགས་གཅིག་གི་རྐྱེན་ལས་བྱུང་བ་ཞིག་ཡིན། སྤྱི་ལོ་༡༩༡༨ ལོའི་ཆམ་ནད་སྐབས་ཚེ་སྲོག་ཤོར་བའི་མི་ཕལ་ཆེ་བ་གཟུགས་གཞི་བདེ་ཐང་ཡིན་པའི་གཞོན་ནུ་དར་མ་ཤ་སྟག་ཡིན་པ་དང་དེ་ཡང་རྐྱེན་གཉིས་པ་ཞིག་ལ་བརྟེན་ནས་བྱུང་ཡོད། སྲིན་བུ་དེས་ནད་པའི་གློ་བའི་སྦུ་གུའི་ནང་ངོས་ཀྱི་ལྤགས་པ་བེད་མེད་གཏོང་བ་དང་དེ་ལ་བརྟེན་ནས་གནོད་གཞི་ཅན་གྱི་ཕྲ་འབུ་ནང་དུ་ཤོར་ནས་གློ་སྐྱོན་འབྱུང་གི་ཡོད། མཐར་ནད་པ་དེ་དག་ཕྲ་འབུའི་གློ་ནད་ཀྱི་རྐྱེན་པས་འཆི་སྐྱོན་ཤོར་གྱི་ཡོད་ཀྱང་རྗེས་སུ་གློ་ནད་བཅོས་ཐབས་ཀྱི་ཕྲ་འབུ་བཅོམ་པའི་སྨན་རྗས་བཟོ་སྐྲུན་བྱུང་བ་བརྟེན་ནས་འཆི་སྐྱོན་གྱི་ཉེན་ཁ་ཆེས་ཉུང་དུ་ཕྱིན་ཡོད། གཤམ་གསལ་གྱི་རེའུ་མིག་ནང་ནད་ཡམས་དེ་དག་ལོ་དུས་གང་དུ་བྱུང་བ་དང་དེའི་ཁྱབ་ཚད། མི་ཇི་ཙམ་ལ་སྲོག་སྐྱོན་བྱུང་མིན་བཅས་བསྟན་ཡོད། སྲིན་འབུ་འདིས་གོང་གི་རེའུ་མིག་ནང་མ་གསལ་བའི་ནད་ཡམས་གཞན་མང་དག་ཅིག་སྐྲུན་ཡོད་པ་ནི། སྤྱི་ལོ་༡༩༤༧ ལོའི་སུ་ཌོ་ནད་ཡམས་ pseudo-pandemic དང་༡༩༧༦ ལོའི་ཕག་ཆམ། ༡༩༧༧ ལོའི་ཨུ་རུ་སུའི་ཆམ་ནད་ལྟ་བུ་H1N1 དང་རྣམ་པ་ཕྲན་བུ་མི་འདྲ་བའི་སྲིན་བུས་སྐྲུན་པ་ཤ་སྟག་ཡིན།
༡༽ ༢༠༠༩ ལོའི་ཕག་ཆམ།
ཆམ་ནད་འདི་ཐོག་མར་༢༠༠༩ ཟླ་གསུམ་པའི་ནང་ཨ་རིའི་ཕྲུ་གུ་གཉིས་ཀྱི་ནང་ངོས་འཛིན་བྱུང་ཡོད་ཀྱང་འཕྲོད་བསྟེན་མི་སྣ་ཚོས་བཤད་གསལ་ལྟར་བྱས་ན། ༢༠༠༩ ཟླ་བ་དང་པོ་ཙམ་ནས་མེཀ་སི་ཀོའི་ནང་མི་ལ་ནད་གཞི་འདི་ཕོག་འགོ་ཚུགས་ཡོད་ལུགས་བཤད་ཡོད། ༢༠༠༩ ཟླ ༣ ཚེས་༡༨ ཉིན་ནད་གཞི་འདི་མེཀ་སི་ཀོའི་གྲོང་འཁྱེར་ནང་ཁྱབ་བརྡལ་འགྲོ་བཞིན་པ་ཤེས་རྟོགས་བྱུང་བ་དང༌། ཆམ་ནད་འདི་བརྡལ་ཁྱབ་ཕྱིན་པའི་ཡོངས་ཁྱབ་གསལ་བསྒྲགས་དང་ལྷན་དུ་ཨ་རིར་རྒྱུ་དངུལ་གྱི་རོགས་སྐྱོར་ཡོང་བའི་རེ་སྐུལ་བྱས་པ་དང་ལྷན་དུ་གྲོང་ཁྱེར་ནང་ཛ་དྲགས་ཀྱི་ལས་གཞི་སྣ་མང་སྤེལ་ཡོད།
༢༽ ཐོག་མའི་བྱུང་རིམ།
ནད་ཡམས་འདི་ཐོག་མར་ཨ་རིའི་ནང་ཤེས་རྟོགས་བྱུང་ཡོད་ཀྱང་ཤེས་ཚོར་མ་བྱུང་བ་ཙམ་ལས་དེའི་སྔོན་ནས་མེཀ་སི་ཀོའི་ནང་ཁྱབ་བརྡལ་ཕྱིན་ཟིན་ལུགས་བཤད་ཀྱི་ཡོད། ཕྲུག་གུ་དེ་གཉིས་ཕག་པ་དང་འབྲེལ་བ་གང་ཡང་མེད་པས་ནད་ཡམས་དེ་ཡང་མི་གཞན་ནས་འགོས་པ་ཞིག་དང༌། ཕྲུག་གུ་དེ་གཉིས་ལ་ཕག་ནད་ཡོད་པའི་གཞུང་འབྲེལ་གསལ་བསྒྲགས་༢༠༠༩ ཟླ་༤ ཚེས་༡༤ དང་༡༧ གཉིས་ལ་རིམ་བཞིན་བྱས་ཡོད་ཀྱང་ཟླ་༣ ཚེས་༢༨ ཙམ་ནས་ནད་འབུ་འགོས་ཟིན་པ་དང་ནད་རྟགས་ཀྱང་འཐོན་འགོ་ཚུགས་ཡོད་ལུགས་བཤད་ཡོད། དེ་ནས་རིམ་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་བྱུང་བ་དང་སྐབས་དེར་རྒྱལ་ཁབ་འདྲ་མིན་ནང་ན་ཚ་འདིའི་མིང་དོད་ཀྱང་འདྲ་མིན་བེད་སྤྱོད་བྱས་ཡོད་པ་ནི། ལྷོ་ཀོ་རི་ཡ་དང་ཨི་སེ་རེལ་གཉིས་ཀྱིས་ནད་ཡམས་འདིར་མེཀ་སི་ཀོའི་སྲིན་འབུ་ཟེར་བ་རྗེས་སུ་ལྷོ་ཀོ་རི་ཡའི་ནང་ཕག་ཆམ་ཞེས་མིང་སྒྱུར་བྱས་ཡོད། ནེ་ཐར་ལེནཌ་གྱིས་ཐོག་མར་ཕག་ཆམ་ཟེར་བ་དང་ད་ཆ་ཆམ་གསར་ཟེར་བ་གྱི་ཡོད། ཐེ་ཝེན་ནང་འདི་ལ་ཆམ་པའམ་ཡང་ན་ཆམ་གསར་འབོད་པ་དང༌། དེ་བཞིན་དུ་འཛམ་གླིང་དུད་འགྲོའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འདིར་བྱང་ཨ་རིའི་ཆམ་པ་དང༌། ཡོ་རོབ་མཐུན་ཚོགས་ཀྱིས་ནོ་བེལ་ཆམ་པའི་སྲིན་བུ་ཟེར་བ་སོགས་མིང་སྣ་ཚོགས་འབོད་བཞིན་ཡོད། ནད་ཡམས་འདི་གླིང་ཆེན་ཕལ་ཆེ་བའི་ནང་ཁྱབ་བརྡལ་ཕྱིན་ཟིན་པ་དང། ཡོ་རོབ་ནང་ཡོད་པའི་རྒྱལ་ཁབ་ཡུཀརེན་ལྟ་བུར་མཚོན་ན་ད་བར་ནད་གཞི་ཕོག་པའི་མི་འབུམ་གཉིས་དང་ཕྱེད་ལྷག་བྱུང་ཡོད་པ་དང་ནད་པ་ཉི་ཤུ་ལྷག་གི་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བ་མ་ཟད་གནས་ཚུལ་འདི་ཉིན་རེ་བཞིན་ཛ་དྲགས་ཀྱི་རང་བཞིན་ཅན་དུ་གྱུར་བཞིན་ཡོད།
༣༽ ནད་འབུའི་ཁྱད་ཆོས།
སྲིན་འབུ་འདི་འགོ་ནད་རང་བཞིན་ཅན་གྱི་རིགས་གསར་པ་ཞིག་ཡིན་པས་རྒྱུན་ལྡན་ཆམ་འགོག་སྨན་ཁབ་ཀྱིས་ནུས་པ་གང་ཡང་འཐོན་མི་ཐུབ། ཨ་རིའི་ནད་འགོག་ལྷན་ཁང་གི་བརྟག་དཔྱད་རྒྱུད་ཤེས་རྟོགས་བྱུང་བར་གཞིག་ན། ལོ་ན་ཆུང་རིགས་ཀྱི་ལུས་པོའི་ནང་ནད་འབུ་འདིར་མངོན་འགོག་གི་ལུས་ཟུངས་གང་ཡང་མེད་ཀྱང་ལོ་ན་རྒན་པའི་རིགས་ལ་མངོན་འགོག་གི་ནུས་པ་ཕྲན་བུ་ཡོད་པ་རྙེད་ཡོད། ལྷག་པར་དུ་ལོ་ན་༦༠ བརྒལ་ཟིན་པའི་རིགས་ལ་ནུས་པ་ཆེ་ཤོས་ཡོད་པ་རྙེད་ཡོད། སྲིན་འབུ་འདིའི་རིགས་རྫས་ནང་སྔར་ཡོད་སྲིན་འབུའི་རིགས་ལྔའི་རིགས་རྫས་ཡོད་པ་དང་དེ་ཡང༌། བྱང་ཨ་རིའི་ཕག་ཆམ་དང༌། བྱང་ཨ་རིའི་བྱ་ཆམ།༼བྱ་ནད༽ མི་ཆམ། དེ་བཞིན་ཡོ་རོབ་དང་ཨེ་ཤེ་ནང་ཡོད་པའི་ཕག་ཆམ་གྱི་སྲིན་འབུའི་རིགས་གཉིས་བཅས་ཀྱི་རིགས་རྫས་ཡོད་པ་ཞིག་ཡིན། ནད་ཡམས་འདི་ད་ལྟའི་ཆར་ཉེན་ཁ་ཆེ་བ་ཞིག་མ་ཡིན་པ་དང་འདིའི་ནད་རྟགས་ཀྱང་རྒྱུན་ལྡན་ཆམ་ནད་ཀྱི་ནད་རྟགས་དང་འདྲ་བ་མ་ཟད་ནད་པར་སྲོག་རྐྱོན་བྱུང་བའི་ཚད་ཀྱང་དེ་ཙམ་ཆེ་བ་བྱུང་མེད། འོན་ཀྱང་བློ་ཚབ་བྱེད་ཡུལ་ཞིག་ནི་སྤྱི་ལོ་༡༩༡༨ ལོའི་ནད་ཡམས་བཞིན་ཐོག་མར་གནོད་ཚབ་དེ་ཙམ་མེད་ཀྱང་དུས་ཡུན་ངེས་ཅན་གྱི་རྗེས་སུ་རིམ་བཞིན་གནོད་ཚབ་ཇི་ཆེར་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་ལུགས་ཤོད་ཀྱི་ཡོད།
༤༽ ཁྱབ་བརྡལ་འགྲོ་ཚུལ་དང་ནད་རྟགས།
ནད་ཡམས་འདིའི་ཁྱབ་བརྡལ་འགྲོ་ཚུལ་ནི་རྒྱུན་ལྡན་ཆམ་རིགས་ཁྱབ་འཕེལ་འགྲོ་ཚུལ་དང་གཅིག་མཚུངས་ཡིན། དེ་ཡང་ནད་གཞི་ཕོག་ཟིན་པའི་ནད་པ་ཞིག་གློ་རྒྱག་པ་དང་སྣ་འཚུབ་པ་བརྟེན་ནས་ནད་འབུ་དེ་དག་རླུང་གི་བརྒྱུད་ལམ་ནང་ནས་མི་གཞན་ལ་ཁྱབ་སྤེལ་གཏོང་གི་ཡོད། དེ་བཞིན་ནད་འབུ་ཡོད་པའི་ཅ་དངོས་ལ་རེག་རྗེས་རང་གི་ཁ་སྣར་འཆང་བ་སོགས་ཀྱི་བརྒྱུད་ནས་ཀྱང་འགོ་སྲིད།
ནད་རྟགས་ཀྱང་ཕལ་ཆེ་བ་རྒྱུན་ལྡན་གྱི་ཆམ་པ་དང་གཅིག་མཚུངས་ཏེ། གློ་རྒྱག་པ་དང༌། སྣ་འཚུབ་པ། མིད་པ་ན་བ། ཚ་བ་རྒྱས་པ། མགོ་ན་བ། གྲང་འདར་བྱེད་པ། སྤུས་མོ་སོགས་ཚིག་ན་བ། སྣ་ཆུ་རྒྱུགས་པ་བཅས་ཡོང་གི་ཡོད། དེ་བཞིན་བཤལ་བ་དང་སྐྱུག་པ་ཡང་ཡོང་སྲིད། ཕྲུ་གུ་དང་རྒས་འཁོགས། བུ་མེད་སྦྲུམ་མ། དེ་བཞིན་སྔར་ནས་ནད་གཅོང་ཅན་གྱི་རིགས། དཔེར་ན། སྙིང་ནད་ཅན་དང༌། ཤ་རྒྱག་དྲགས་པ། མངར་རྫས་མང་དྲགས་པ། དབྱུགས་གཏོང་ལེན་དཀའ་བ་བཅས་ཀྱི་ནད་གཞི་ཡོད་རིགས་ལ་ཆམ་ནད་འདི་ཚབ་ཆེ་བས་ལྷག་པར་དུ་ཟབ་དགོས།
༥༽ སྔོན་འགོག
འཛམ་བུ་གླིང་གི་ཕྱེད་བྱང་ཕྱོགས་ཀྱི་ཁུལ་དུ་ནད་ཡམས་འདི་དགུན་དུས་སུ་ཁྱབ་འཕེལ་ཆེ་ཤོས་ཡོང་སྲིད་པའི་མངོན་དཔག་བྱེད་བཞིན་ཡོད། ཚན་རིག་པ་ཚོས་ནད་ཡམས་འདིར་མངོན་འགོག་གི་སྨན་ཁབ་བཟོ་སྐྲུན་ཐུབ་ཡོད་ཀྱང་དགོས་མཁོའི་གྲངས་འབོར་བཞིན་བཟོ་སྐྲུན་བྱེད་མི་ཐུབ་པའི་དཀའ་ངལ་ཕྲད་བཞིན་པར་སོང༌། འཕྲོད་བསྟེན་སྡེ་ཚན་ཁག་ནས་མངོན་འགོག་སྨན་ཁབ་དེ་དག་ཐོག་མར་ཕྲུག་གུ་དང་བུ་མེད་སྦྲུམ་མ་སོགས་ཉེན་ཚབ་ཆེ་བའི་རིགས་ལ་རྒྱག་དགོས་པའི་སྐུལ་མ་བྱེད་བཞིན་པ་དང༌། དེ་སྔོན་ཆེད་ལས་པ་ཚོས་སྨན་ཁབ་འདི་མི་རེར་ཐེངས་གཉིས་རེ་རྒྱག་དགོས་པའི་བསམ་ཚུལ་བཏོན་ཡོད་ཀྱང་ལོ་ན་སོན་པའི་རིགས་ལ་སྨན་ཁབ་གཅིག་གིས་མངོན་འགོག་ཐུབ་པའི་དཔང་རྟགས་རྙེད་ཡོད་པ་དེ་སྨན་ཁབ་འདེངས་ངེས་མེད་པའི་གནས་སྟངས་འོག་གཏམ་བཟང་ཞིག་ཆགས་ཡོད། དེ་མིན་ནད་ཡམས་འདི་ཁྱབ་འཕེལ་མི་ཡོང་བའི་ཆེད། ལག་པ་ཡང་སེ་འཁྲུ་བ་དང༌། ཟ་ཆས་བཅུད་ལྡན་བསྟེན་པ། ལུས་རྩལ་རྩེ་བ། མི་ཚོགས་ཆེ་སར་གཡོལ་བ་དང་ཁ་འགེབ་པ་སོགས་བྱེད་དགོས་པ་མ་ཟད་ནད་རྟགས་མངོན་མ་ཐག་སྨན་ཁང་དུ་སྐྱོད་དགོས། གཞུང་ཕྱོགས་དང་འཕྲོད་བསྟེན་ལས་ཁུངས་ཁག་ནས་ཀྱང་རྒྱལ་ཁབ་ཕན་ཚུན་ཕྱོགས་སྐྱོད་བྱེད་མཁན་རིགས་ལ་བརྟག་ཞིབ་ནན་ཏན་བྱེད་པ་དང་སློབ་གྲྭ་སོགས་ཤེས་ཡོན་གྱི་ལྟེ་གནས་ཁག་སྒོ་རྒྱབ་པ་སོགས་སྔོན་འགོག་ཆེད་ལས་རིགས་མང་དག་ཞིག་ལག་བསྟར་བྱེད་བཞིན་པ་ཡིན། དེ་མིན་ཨེ་ཇེབཊ་རྒྱལ་ཁབ་ལྟ་བུས་རྒྱལ་ཁབ་ཀྱི་ཕག་པ་ཡོད་ཚད་དམར་གསོད་བཏང་བ་དང་དེ་མིན་རྒྱལ་ཡོངས་ཐོག་ཕག་པ་ས་ཡ་མང་པོའི་ཚོང་འབྲེལ་ལ་དོ་ཕོག་བྱུང་ཡོད། འོན་ཀྱང་ཚན་རིག་པས་བཤད་པ་ལྟར་ན། སྲིན་འབུ་འདི་ཚ་ཚད་སེལ་ཤི་སེ་༧༠ ལྷག་གི་ནང་གནས་ཐུབ་ཀྱི་མེད་པར་བརྟེན་ཕག་ཤ་ཚོས་མའི་རིགས་ཟས་པར་ཉེན་ཁ་མེད་པ་མ་ཟད་ནད་འབུ་འདིའི་འབྱུང་ཁུངས་ཕག་པ་ཡིན་པ་ཙམ་ལས་ཕག་པ་ནས་མིར་ཁྱབ་འཕེལ་འགྲོ་རྒྱུ་ཤིན་ཏུ་ཁག་པོ་ཡིན། འོན་ཀྱང་གཟབ་དགོས་པ་ནི་ཕག་ཤ་རྗེན་པའི་རིགས་ལ་ལག་པ་འཆང་རྗེས་ལག་པ་ཆུ་ལ་དག་རྫས་ཀྱིས་ལེགས་པར་འཁྲུ་དགོས་པ་དེ་ཡིན།
༦༽ ད་ལྟའི་གནས་སྟངས།
ཨ་རི་ཁོ་ནའི་ནང་མི་ས་ཡ་གཅིག་ལྷག་ཙམ་ལ་ན་ཚ་འདི་ཕོག་ཡོད། ནད་ཡམས་འདིའི་ཁྱབ་འཕེལ་འགྲོ་ཚད་ཤིན་ཏུ་མགྱོགས་པས་སྔར་གྱི་ནད་ཡམས་དེ་དག་ཟླ་བ་དྲུག་གི་གནས་སྟངས་དེ་ནད་གཞི་འདིར་མཚོན་ན་བདུན་ཕྲག་དྲུག་ནང་སླེབས་ཟིན་ཡོད། འོན་ཀྱང་ན་ཚའི་ལྗིད་ཚད་ནི་དེ་སྔོན་ཚོད་དཔག་བྱས་པ་ལས་ཆེས་ཡང་བ་ཞིག་དང་ནད་པ་ཕལ་ཆེ་བ་སྨན་བཅོས་གང་ཡང་མེད་པར་རྒྱུན་ལྡན་གྱི་ཆམ་པ་བཞིན་དྲག་སྐྱེད་ཡོང་གི་ཡོད། དེ་མིན་ཁོར་ཡུག་གི་གནས་བབས་དང་ནད་པ་རང་ཉིད་ཀྱི་ལུས་ཁམས་ལ་བརྟེན་ནས་ནད་གཞིའི་ཉེན་ཚབ་ཁྱད་པར་ཡོད། ད་ཆ་ཚང་མས་སེམས་ཁུར་ཆེ་ཤོས་བྱེད་ཡུལ་ནི་ནད་འབུ་འདིའི་རིགས་རྫས་ལ་འགྱུར་བ་ཕྱིན་ཏེ་མི་ནས་མིའི་བར་ཁྱབ་བརྡལ་འགྲོ་སླ་བ་མ་ཟད་ཡོད་བཞིན་པའི་སྔོན་འགོག་སྨན་ཁབ་ཀྱིས་གནོད་མི་ཐུབ་པའི་ཉེན་ཚབ་ཆེ་བའི་སྲིན་འབུའི་རྣམ་པ་གསར་པ་ཞིག་ཡོང་སྲིད་པའི་དོག་པ་བྱེད་བཞིན་ཡོད་པ་འདི་ཡིན།
Post a Comment