སྤྱི་ལོ་༢༠༡༠ ལོར་ཨེ་མོ་རི་གཙུག་སློབ་གཉེར་ཁང་ནས་བོད་བསྒྱུར་གྱིས་པར་དུ་བསྐྲུན་པའི་ཚན་རིག་གི་སྔོན་འགྲོའི་སློབ་དེབ་བཞི། |
སྤྱི་ལོ་༢༠༠༦ ལོའི་དབྱར་ཁར་དངོས་སུ་དབུ་བརྙེས་པའི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ནི། ཨ་རིའི་མངའ་སྡེ་ཇོར་ཇི་ཡའི་གྲོང་ཁྱེར་ཨེ་ཋི་ལན་ཌར་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་། རྡ་སར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་མཉམ་འབྲེལ་ལས་གཞི་ཞིག་ཡིན་ལ། ད་ལྟའི་ཆར་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་བཙུན་མ་ཞལ་གྲངས་བརྒྱ་ལ་ཉེ་བར་དེང་རབས་ཚན་རིག་གི་སློབ་སྦྱོང་སྤྲོད་ཀྱིན་ཡོད།
དེང་རབས་ཚན་རིག་དང་ཚན་རིག་གི་ཐོན་བསྐྱེད་ཀྱིས་སའི་གོ་ལ་རིལ་མོ་འདིའི་སྲིད་འབྱོར་རིག་གསུམ་ལ་དབང་བསྒྱུར་བཞིན་པའི་དུས་རབས་འདིར་ཡང་། འཛམ་གླིང་ཁྱོན་འདིར་ཕྱི་ནང་གི་དཀའ་ངལ་རབ་དང་རིམ་པ་མང་པོ་ཞིག་གིས་མནར་ཡོད་ལ། བྱུང་རབས་ཀྱི་དོན་དངོས་ཀྱིས་དངོས་གཙོ་སྨྲ་བའི་ལྟ་གྲུབ་ཀྱིས་མིའི་རིགས་ཀྱི་དགོས་མཁོ་ཡོངས་སུ་བསྐོང་མི་ཐུབ་པའི་དོན་དངོས་འདི་ཡང་ས་རིས་ཐང་གསལ་གྱི་ཚུལ་ཏུ་སྟོན་བཞིན་ཡོད།
དེ་བས། དེང་རབས་དངོས་ཁམས་ཚན་རིག་གི་ཡབ་ཆེན་དུ་འབོད་པའི་ཨེལ་བྷར་ཊི་ཨེའན་སི་ཋན་གྱིས་ “དེང་རབས་ཚན་རིག་གི་ཆད་པ་ཁ་བསྐོང་བྱེད་ཐུབ་པའི་ཆོས་ལུགས་ཤིག་ཡོད་ན་དེ་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཡིན་ངེས་” གསུངས་པ་ཇི་བཞིན། སྤྱི་ལོ་༡༩༨༠ ཙམ་ནས་བཟུང་ནུབ་ཕྱོགས་ཀྱི་ཚན་རིག་པ་དག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་དང་བློ་སྦྱོང་གི་རྣམ་གཞག་ཁག་ལ་དོ་སྣང་བྱེད་རྒྱུར་ཤུགས་སྣོན་རྒྱག་ཡོད།
བོད་བརྒྱུད་ནང་བསྟན་ལ་མཚོན་ན་ཡང་སྣང་ལ་མ་ངེས་པའི་ཆའམ་ཞན་ཆ་ཡོད་པ་སྟེ། ལྟ་གྲུབ་ཀྱི་གནས་རིམ་ལས་སྤྱི་ཚོགས་འཚོ་བའི་ལག་ལེན་དངོས་ཀྱི་རིམ་པར་འཕེལ་ཐུབ་མེད་པའི་ཆ་དང་། དེ་བཞིན། འཇིག་རྟེན་ཆགས་ཚུལ་སོགས་ཀྱིས་མཚོན་པའི་ “མངོན་པ་མཛོད་”ཀྱི་བསྟན་དོན་མང་པོ་ཞིག་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་ “རྨོངས་དད་ཀྱི་ཆ་”ཡང་མང་པོ་ཞིག་ཡོད་པ་རེད།
དེང་རབས་ཚན་རིག་དང་བོད་བརྒྱུད་ནང་བསྟན་གཉིས་དབར་གྱི་ “ རིག་གནས་བརྗེ་རེས་” ཀྱི་གོམ་ཁ་དང་པོ་སྤོ་འགོ་ཚུགས་པ་ནས་བཟུང་། ཕྱོགས་གཉིས་ཀར་བློ་བསྐྱེད་མང་པོ་ཐོབ་བཞིན་པ་མ་ཟད། དེང་རབས་དངོས་ལུགས་གསོ་རིག་ལ་ཡང་ “སེམས་ངལ་”དང་། ཀླད་རྩ་དང་འབྲེལ་བའི་ནད་རིགས། གཞན་ཡང་དེང་རབས་གསོ་ལུགས་ཀྱིས་གདོང་ལེན་བྱེད་ཀྱིན་པའི་དཀའ་ངལ་མང་པོ་ཞིག་ཞི་གནས་དང་། བྱམས་པ་སོགས་བསྒོམ་གྱི་ཐབས་ལ་བརྟེན་ནས་གྲུབ་འབྲས་རྨད་དུ་བྱུང་བ་ཐོན་ཡོད་པ་རེད།
དེ་ལྟ་ན་ཡང་། འཇིག་རྟེན་ཤར་ནུབ་གཉིས་ཀྱི་ལྟ་བའི་མཚོ་ཆེན་གཞི་གཅིག་ཏུ་འདྲེས་ནས་རྨད་དུ་བྱུང་བའི་རིག་གྲོལ་ལྷའི་བདུད་བརྩིའི་ཆར་སྤྲིན་གྲུབ་པ་ལ་གེགས་རྐྱེན་གཅིག་ཡོད་པ་སྟེ། དེ་ནི་ནུབ་ཕྱོགས་ཚན་རིག་པ་དང་། བོད་བརྒྱུད་ནང་བསྟན་པ་གཉིས་དབར་ལ་ཐུན་མོང་གི་སྐད་ཡིག་ཅིག་མེད་པ་དེ་རེད། དཔེར་ན། ཚན་རིག་པ་དང་ནང་བསྟན་པ་གཉིས་ཀྱིས་ “ཚེ་སྲོག་” ཅེས་པའི་ཐ་སྙད་འདིར་གོ་བ་གཏན་ནས་མི་འདྲ་བ་གཉིས་ལེན་གྱིན་ཡོད་པ་ལྟ་བུ་རེད། དེ་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་རིག་པའི་གཞུང་ལུགས་ལ་རྒྱུས་མངའ་མེད་སོང་བས་རེད་དོ། །
དཀའ་ངལ་འདི་བསལ་ཆེད། ང་ཚོས་བོད་བརྒྱུད་ནང་བསྟན་གྱི་མཁས་པ་དང་། བླ་མ། དགེ་འདུན་པ་དང་བཙུན་མ་སོགས། མདོར་ན་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཚོར་དེང་རབས་ཚན་རིག་གི་གོ་རྟོགས་སྤེལ་རྒྱུ་དང་། ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ཚན་རིག་སློབ་གཉེར་བ་རྣམས་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ངོ་སྤྲོད་བྱེད་པའི་ལས་གཞི་འདི་གཉེར་བཞིན་ཡོད།
ད་ལྟའི་ཆར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་པ་དག་གིས་རྩོམ་སྒྲིག་བྱས་པའི་ཚན་རིག་གི་སློབ་དེབ་དྲུག་ཙམ་བོད་བསྒྱུར་དང་པར་བསྐྲུན་བྱས་ཡོད་ལ། མ་འོངས་པར་ཡང་དགོན་སྡེའི་སློབ་ཚན་ལ་རན་པའི་ཚན་རིག་གི་སློབ་དེབ་སྣ་ཚོགས་བོད་བསྒྱུར་གྱིས་པར་བསྐྲུན་བྱེད་རྒྱུ།
Post a Comment