འགྲོ་བ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་ཟླ་བ་ནི་ང་ཚོར་འབྲེལ་གཤིབ་ཤིན་ཏུ་ཆེ་བ་མ་ཟད་ཆེས་ལྐོག་འགྱུར་དང་བལྟ་ན་སྡུག་པའི་མཁའ་དབྱིངས་ཀྱི་གཟུགས་ཤིག་ཀྱང་ཡིན། ལོ་རྒྱུས་ཀྱི་བྱུང་རིམ་ཁྲོད་སྤྱི་ཚོགས་ཀྱི་ལྟ་ཚུལ་འཕོ་འགྱུར་བྱུང་བ་དང་ལྷན་དུ་རིམ་བཞིན་ང་ཚོས་ཟླ་བར་འཛིན་པའི་ལྟ་ཚུལ་ཡང་དེ་བཞིན་དུ་འཕོ་འགྱུར་བྱུང་ཡོད། ཉེ་བའི་དུས་རབས་ཁྲོད་ཚན་རིག་གི་རིག་རྩལ་འཕེལ་རྒྱས་བསམ་ཡུལ་ལས་འདས་པ་བྱུང་བ་ལ་བརྟེན་ནས་མཐར་ཟླ་བའི་སྟེང་འགྲོ་འོང་བྱེད་ཐུབ་པ་བྱུང་བ་དང༌། ད་ཆ་ཟླ་བར་འཛིན་པའི་རྟོགས་བཟོས་རྣམ་རྟོག་མང་དག་ཅིག་རྩ་མེད་ཕྱིན་ཟིན་ཀྱང་དེའི་ཐད་མ་ཤེས་པའི་གནས་ཚུལ་ཡང་མང་དག་ཅིག་ལྷག་ཡོད། རྒྱུན་དུ་ང་ཚོའི་བློ་ལ་འཁོར་བའི་དྲི་བ་ཞིག་ནི་ཟླ་བའི་སྟེང་རླན་གཤེར་ཡོད་མེད་དེ་ཡིན་པ་དང་དེ་འབྲེལ་གྱི་དཔྱད་ཞིབ་མང་དག་ཅིག་བྱས་དང་བྱེད་བཞིན་ཡིན། ལོ་ངོ་བཞི་བཅུའི་སྔོན་ཨེ་པོ་ལོ་མེ་ཤུགས་འཕུར་ཟླའི་ནང་ཨ་རིའི་གནམ་རིག་པ་ཚོ་ཟླ་བའི་སྟེང་སླེབས་ཡོད་པ་དང་ཕྱིར་འཁོར་མཚམས་ཟླ་བའི་ས་རྡོ་མང་དག་ཅིག་མཉམ་ཁྱེར་བྱས་ཡོད། རྗེས་སུ་ས་རྡོ་དེ་དག་ཐོག་བརྟག་དཔྱད་བྱེད་སྐབས་རླན་གཤེར་གྱི་ཆ་གང་ཙམ་ཡོད་པ་རྙེད་ཡོད་ཀྱང་རླན་གཤེར་དེ་ཟླ་བ་རང་ནས་བྱུང་བ་ཞིག་ཡིན་དང༌། ཡང་ན་འཕུར་གྲུ་གོ་ལའི་བར་ནང་བརྒྱུད་ནས་ཡོང་སྐབས་རླན་གཤེར་ཞུགས་པ་ཞིག་ཡིན་མིན་ཤེས་རྟོགས་བྱུང་མེད།
འོན་ཀྱང་ལོ་བཞི་བཅུའི་རྗེས་སུ་ཚན་རིག་པའི་ཚོགས་སྡེ་ཞིག་གིས་ཟླ་བའི་སྟེང་རླན་གཤེར་ཡོད་པའི་དཔང་རྟགས་དངོས་སུ་རྙེད་པ་དང། བརྟག་དཔྱད་འདིར་ཟླ་བའི་འཁོར་ལམ་ཐོག་སྐོར་སྐྱོད་བྱེད་མཁན་གྱི་སྲུང་སྐར་ཞིག་གི་ནང་དེང་དུས་ཀྱི་འཕྲུལ་ཆས་ཚོར་བ་ཤིན་ཏུ་རྐྱེན་པ་ཞིག་བེད་སྤྱོད་བྱས་ཡོད། འཕྲུལ་ཆས་འདི་ལ་ཟླ་བའི་གཏེར་རྫས་ཀྱི་ས་བཀྲ་བཀོད་ཆས་ Moon Mineralogy Mapper – M3 ཟེར་བ་དང། འཕྲུལ་ཆས་འདི་ཟླ་བའི་སྟེང་འཁྱེར་མཁན་ནི་༢༠༠༨ ལོ་མཇུག་ཏུ་བཏང་བའི་རྒྱ་གར་གྱི་མེ་ཤུགས་འཕུར་མདའ་ཅཱན་དྷར་ཡན་ཞེས་པ་དེ་ཡིན།
ཟླ་བའི་ཐོག་དཔྱད་པ་བྱེད་འགོ་ཚུགས་ནས་ད་བར་བརྟག་དཔྱད་བྱེད་བཞིན་པའི་ཊཻ་ནི་སི་ Tennessee གཙུག་ལག་སློབ་གྲྭའི་ཚན་རིག་པ་ལེ་རི་ཊེ་ལར་ Larry Taylor ལགས་ཀྱིས་གསུངས་དོན། དེ་སྔོན་ཟླ་བ་ནས་འོར་འདྲེན་བྱས་པའི་བྲག་རྡོའི་རླན་གཤེར་དེ་དག་གོ་ལའི་རླུང་ཁམས་ཀྱི་རྐྱེན་པས་བྱུང་བར་བསམ་པ་ནི་ནོར་ཁྲུལ་ཆགས་ཡོད་ཅེས་བརྗོད་ཡོད།
ཟླ་བའི་གཏེར་རྫས་ས་བཀྲ་བཀོད་ཆས་འདིས་ཟླ་བའི་སྟེང་རླན་གཤེར་ཡོད་པ་དངོས་སུ་ཁུངས་སྐྱེལ་བྱུང་ཡོད་ཀྱང་ད་དུང་འདི་འབྲེལ་གྱི་དྲི་བ་མང་དག་ཅིག་ཡོད་པ་ནི། དཔེར་ན། ཆུའི་འདུས་རྡུལ་དེ་དག་ཐོག་མར་གང་ནས་ཡོང་བ་དང་རྗེས་སུ་གང་དུ་འགྲོ་མིན་ལྟ་བུ་ཡིན།
འོན་ཀྱང་ང་ཚོས་ཟླ་བའི་སྟེང་ཆུ་འདུག་ཞེས་པའི་སྐབས་སུ། རྒྱ་མཚོ་དང་མཚེའུ་ལྟ་བུ་དེ་འདྲར་གོ་ཡི་མེད། ང་ཚོས་བཤད་བཞིན་པའི་རླན་གཤེར་ནི་ཆུའི་འདུས་རྡུལ་ལ་གོ་བ་དང༌། དེ་ཡང་ཟླ་བ་ནས་ཕྱིར་ལྡོག་བྱུང་བའི་འོད་ཟེར་ལ་ཁ་དོག་སྣ་ཚོགས་ཡོང་བ་ནི་ཟླ་བའི་སྟེང་གི་རྫས་རིགས་སྣ་ཚོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་བཞིན་ཆུའི་འདུས་རྡུལ་གྱིས་ཕྱིར་ལྡོག་བྱས་པའི་འོད་ཀྱི་རླབས་ཐག་དང་དེ་འབྲེལ་གྱི་ཁ་དོག་ཐུན་མོང་མ་ཡིན་པ་ཞིག་ཡོད་པས། ད་ལྟའི་གོང་འཁོད་ཕྲུལ་ཆས་དེས་ཆུའི་འདུས་རྡུལ་ལས་ཕྱིར་ལྡོག་བྱུང་བའི་ཐུན་མོང་མ་ཡིན་པའི་འོད་རླབས་དེ་རྙེད་ཚོར་བྱུང་ཡོད་པ་དང་དེའི་ཐོག་ནས་ཟླ་བའི་སྟེང་རླན་གཤེར་ཡོད་པ་ཤེས་ཀྱི་ཡོད། འདི་ནི་ཚན་རིག་པ་ཚོས་གཟའ་སྐར་གཞན་གྱི་གྲུབ་རྫས་བརྟག་དཔྱད་བྱེད་སྐབས་བཀོལ་བའི་རྒྱུན་ལྡན་གྱི་ཐབས་ལམ་ཞིག་ཡིན།
ཆུ་ནི་རྩ་རྫས་ཡང་རླུང་གི་རྡུལ་གཉིས་དང་སྲོག་རླུང་གི་རྡུལ་གཅིག་བཅས་མཉམ་དུ་ཚོགས་པ་ལ་བརྟེན་ནས་གྲུབ་པ་ཞིག་དང༌། ད་ལྟའི་གསར་རྙེད་འདི་ལ་བརྟེན་ནས་བརྟག་དཔྱད་ཀྱི་ཁྱབ་ཁོངས་གསར་པ་ཞིག་སྒོ་འབྱེད་བྱུང་ཡོད། ལྷག་པར་དུ་འདིར་བཀོལ་བའི་འཕྲུལ་ཆས་འདིས་ཟླ་བའི་ཕྱི་ཤུན་གྱི་ས་ངོས་ཙམ་ལས་གཏིང་རིང་བའི་ས་འོག་ཏུ་རླན་གཤེར་ཡོད་མེད་ཤེས་རྟོགས་མི་ཐུབ་པས། ཡོང་རྒྱུའི་དུས་ཡུན་ཁྲོད་ཟླ་བའི་ས་འོག་ཏུ་རླན་གཤེར་ཡོད་མེད་དང༌། དེའི་ཁྱབ་ཚད། ཐོག་མའི་བྱུང་ཁུངས་བཅས་འཚོལ་ཞིབ་བྱེད་རྒྱུ་ལྷག་ཡོད།
གལ་ཏེ་ཟླ་བའི་སྟེང་ཆུ་ཡོད་ཚེ་དེར་རིགས་གཉིས་ཡོད་དེ།
སྐར་རྡོ་སོགས་བར་སྣང་ཕྱི་རོལ་ནས་ཡོང་བ་ཞིག་དང་ཟླ་བ་རང་གི་སྟེང་དུ་གྲུབ་པ་བཅས་གཉིས་ཡིན། འོན་ཀྱང་ཚན་རིག་པ་ཚོས་ད་ལྟའི་གསར་རྙེད་བྱུང་བའི་ཆུ་དེ་ཟླ་བ་རང་གི་ཐོག་ཏུ་བྱུང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི། ཟླ་བའི་བྲག་རྡོ་དང་སའི་ནང་སྲོག་རླུང་བརྒྱ་ཆ་༤༥ཙམ་ཡོད་པ་དེ་ཁོང་ཚོས་སྔོན་ནས་ཤེས་ཀྱི་ཡོད། འོན་ཀྱང་ཆུའི་འདུས་རྡུལ་ལས་ཡང་རླུང་གི་རྡུལ་གང་ནས་བྱུང་མིན་བསམ་གཞིག་བྱེད་བཞིན་པ་དང་ཚོད་དཔག་མང་དག་ཅིག་ཡོད་པ་ལས་ཁྱབ་ཆེ་ཤོས་ནི་ཉི་མའི་རླུང་འཚུབ་ solar wind ལས་བྱུང་བར་འདོད་ཀྱི་ཡོད། ཉི་མའི་ནང་ལྟེ་རྡུལ་གས་འགྱུར་རྒྱུན་ཆད་མེད་པ་ཡོང་གི་ཡོད་པ་དང་དེ་ལ་བརྟེན་ནས་ཕོ་རྡུལ་གྲངས་ལས་འདས་པ་ཕྱིར་བར་སྣང་ནང་གློད་གཏོང་བྱེད་ཀྱི་ཡོད། དེ་འདྲའི་ཕོ་རྡུལ་ནི་ཡང་རླུང་གི་རྡུལ་དང་ངོ་བོ་མཚུངས་པས་དེ་དག་ཟླ་བའི་སྟེང་སླེབས་སྐབས་སྲོག་རླུང་དང་འདྲེས་ནས་མཐར་ཆུ་རྡུལ་གྲུབ་པའི་ཚོད་དཔག་བྱེད་བཞིན་ཡོད།
ཟླ་བའི་གཏེར་རྫས་ས་བཀྲ་བཀོད་མཁན་གྱི་འཕྲུལ་ཆས་འདིས་གསར་རྙེད་གང་བྱུང་བ་དེ་དག་ཨ་རིའི་ནཱ་སཱའི་མཁའ་གྲུ་གཞན་གཉིས་ནས་ཀྱང་ཁུངས་སྐྱེལ་བྱས་ཡོད་པ་དང་ཁོང་ཚོས་རྒྱ་གར་མཁའ་སྐྱོད་བསྟི་གནས་ཀྱི་ལས་མི་ཚོར་བསྔགས་བརྗོད་བྱས་འདུག
Post a Comment