ཚན་རིག་པ་ཚོས་ཟེར་དོན་ལྟར་ན་འགྲོ་བ་མིའི་བཟོ་སྐྲུན་གྱི་བྱེད་ལས་རིགས་འཕེལ་རྒྱས་བྱུང་བ་དེས་གོ་ལའི་རླུངས་ཁམས་ནང་ནག་རྫས་འཚོ་རླུང་ཉིས་ལྡན་གྱི་རླངས་འཐབ་ཚད་མང་དུ་བཏང་དང་གཏོང་བཞིན་ཡོད་པ་བཞིན་གོ་ལས་རླུང་རྫས་འདི་རིགས་ཕྱིར་བསྡུ་བྱེད་པའི་ནུས་པ་ཡང་དེ་བཞིན་དུ་ཆེ་རུ་ཕྱིན་ཡོད།
སྐམ་ས་དང་རྒྱ་མཚོ་གཉིས་ཀྱི་ནང་ནག་རྫས་ལས་གྲུབ་པའི་འདུས་རྡུལ་མང་པོ་ཞིག་གསོག་ཉར་བྱེད་པ་འདིར་ནག་རྫས་ཀྱི་དོང་ཟེར་གྱི་ཡོད། སྤྱི་ལོ་ ༡༩༦༠ ལོར་ནག་རྫས་དོང་ནང་ནག་རྫས་ཊན་ཐེར་འབུམ་གཉིས་དང་ཕྱེད་ཙམ་ཡོད་པ་ལས་སྤྱི་ལོ་ ༢༠༡༠ ལོར་ནག་རྫས་ཊན་ཐེར་འབུམ་ལྔ་བར་འཕར་ཡོད་པ་དང་། དེ་ནི་འདས་པའི་དུས་རབས་ཕྱེད་གཅིག་གི་ནང་གོ་ལས་ནག་རྫས་གསོག་ཚད་ལྡབ་གཅིག་གིས་འཕར་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་གོ་ལའི་རླུང་ཁམས་ནང་ནག་རྫས་འཚོ་རླུང་ཉིས་ལྡན་གྱི་རླངས་འཐབ་གློད་གཏོང་བྱེད་པའི་ཚད་ལྡབ་བཞི་འཕར་ཡོད། དེར་བརྟེན་ང་ཚོའི་རླུང་ཁམས་ནང་ནག་རྫས་གཞི་རྟེན་བྱས་པའི་རླངས་གཟུགས་ཀྱི་ཚད་མཐོ་རུ་ཕྱིན་པའི་རྒྱུ་མཚན་གྱིས་གོ་ལའི་ཚ་གྲོད་འཕར་བཞིན་ཡོད་པ་འདི་ང་ཚོའི་རླངས་གཟུགས་དེ་རིགས་རླུང་ཁམས་ནང་གློད་གཏོང་བྱེད་པའི་ཚད་མཐོ་དྲགས་པའི་རྐྱེན་གྱིས་ཡིན་པ་ལས་རླངས་གཟུགས་དེ་རིགས་གོ་ལའི་བསྡུ་ལེན་གྱིས་ཉར་ཚགས་བྱེད་པའི་ནུས་པ་ཆུང་དུ་ཕྱིན་པས་མ་ཡིན་པ་བསྟན་ཡོད། དེ་སྔོན་མི་མང་པོ་ཞིག་གིས་གོ་ལའི་ཚ་དྲོད་འཕར་བ་དང་རླུང་ཁམས་ནང་ནག་རྫས་ཀྱི་རླངས་འཐབ་ཚད་མཐོ་རུ་འགྲོ་བཞིན་པ་མཐོང་སྐབས་དེ་ནི་གཙོ་བོ་རླུང་རྫས་དེ་དག་གོ་ལའི་ཕྱིར་བསྡུ་བྱེད་པའི་ནུས་པ་ཉམས་པས་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པས་འབྲེལ་ཡོད་ཚན་རིག་པ་ཚོས་བསམ་ཚུལ་དེ་མི་འཐད་པ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག
ནག་རྫས་ཀྱི་རླངས་ཐབས་ཕྱིར་བསྡུ་བྱེད་པའི་གོ་ལའི་ནུས་པ་འདི་མེད་པའམ་ཆེ་རུ་ཕྱིན་མེད་ན་ང་ཚོའི་ད་ལྟའི་ཁོར་ཡུག་འདི་ཆེས་ཚ་དྲོད་དང་དཀའ་ཚེགས་ཅན་ཞིག་ཏུ་གྱུར་ངེས་ཀྱི་ཚོད་དཔག་བྱེད་བཞིན་ཡོད་ལ། མ་ཟད་ཚན་རིག་པ་ཚོས་ཟེར་དོན་ལྟར་ན། མ་འོངས་ལོ་རབས་ཁྲོད་གོ་ལའི་ནག་རྫས་རླངས་འཐབ་ཕྱིར་ལེན་བྱེད་པའི་ནུས་པ་ཆུང་དུ་འགྲོ་ངེས་མ་ཟད་དུས་རབས་རྗེས་མའི་ནང་ད་ལྟ་རྒྱ་མཚོ་དང་སྐམ་སའི་ནང་ཉར་ཚགས་བྱས་པའི་རྫས་རླུང་དེ་དག་རླུང་ཁམས་ནང་ཐད་ཀར་ཕྱིར་སྤྲོད་བྱེད་ངེས་ཡིན་པས་གོ་ལའི་ཚ་དྲོད་དང་ཁོར་ཡུག་ལ་གནོད་ཚབས་ཆེ་བའི་འགྱུར་བ་ཡོང་ངེས་བཤད་ཡོད།
མདོར་ན་ད་ཆ་གོ་ལའི་ཚ་དྲོད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐད་ཆ་ཤོད་སྐབས་མགོ་རྙོག་པའི་གནས་ཚུལ་མང་པོ་ཞིག་ལ་བསམ་ཞིབ་ཀྱིས་ཐག་གཅོད་དགོས་པ་དང་། ཆེད་ལས་མི་སྣ་ཚུད་པའི་འབྲེལ་ཡོད་དབང་འཛིན་པ་ཚོས་ཕུགས་ཐག་རིང་བའི་གནས་སྟངས་ལ་བསམ་ནས་སྐབས་བབ་ཀྱི་ལངས་ཕྱོགས་གཏན་འབེབ་བྱེད་དགོས།
Post a Comment