དགོས་མཁོའི་ཡོ་ཆས། ༼རུ་ཁག་གཅིག་ནང་མི་གཉིས་རེ་དགོས། ༽
- སོ་ཤིང་ཆ་གཅིག (པར་ལ་ལྟོས།)
- ཐིག་ཤིང་གཅིག།
- འགྱིག་ཐག་གཉིས།
- འབྱར་ཆེད་ཊེབ།
རྒྱབ་ལྗོངས།
མིའི་ལུས་ཀྱི་པགས་པའི་ནང་ཚོར་བྱེད་སྣེ་ལེན་ཕྲ་ཕུང་རིགས་འདྲ་མིན་ཡོད་པ་དང་། དེ་དག་ལས་འགའ་ཞིག་ལ་རེག་བྱའི་སྐུལ་བརྡ་དང་། འགའ་ཞིག་ལ་ན་ཟུག་གི་སྐུལ་བརྡ། ཡང་འགའ་ཞིག་ལ་གནོན་ཤུགས་སོགས་ཀྱི་སྐུལ་བརྡ་འདྲ་མིན་གྱིས་བྱ་བ་བྱེད་པའི་སྐུལ་མ་བྱེད་པ་ཡིན། འདི་འདྲའི་སྣེ་ལེན་ཕྲ་ཕུང་རྣམས་ལུས་པོའི་ཁྱོན་འདྲ་མིན་ནང་འཁོད་སྙོམ་མེད་པའི་ཐོག་ནས་གནས་ཡོད། རེག་བྱའི་སྣེ་ལེན་ཕྲ་ཕུང་གི་བྱ་བ་བྱེད་ཚུལ་བསྟན་པའི་བརྟག་དཔྱད་ལས་སླ་མོ་ཞིག་བྱེད་ཐུབ།བྱེད་སྒོ་དང་དོ་སྣང།
- འགྱིག་ཐག་གམ་འབྱར་ཆེད་ཊེཔ་བེད་སྤྱོད་བྱེད་ནས་སོ་ཤིང་གཅིག་ཐིག་ཤིང་གི་སྣེར་འབྱར་དགོས། དེ་ཡང་སོ་ཤིང་དང་ཐིག་ཤིང་གཉིས་ཕན་ཚུན་ཟུར་ཚད་ ༩༠ ཐད་ལངས་དགོས་པ་ཡིན། སོ་ཤིང་དང་པོ་འདི་རང་གི་བརྟག་དཔྱད་སྐབས་འགུལ་མེད་གནས་དགོས། དེ་ནས་སོ་ཤིང་གཉིས་པ་དེ་ཡང་འགྱིག་ཐག་གིས་ཐིག་ཤིང་དང་འབྱར། སོ་ཤིང་གཉིས་པ་དེ་ཡར་མར་འགུལ་ཐུབ་པ་དགོས་པ་དང་སོ་ཤིང་གཉིས་དབར་རྒྱག་ཐག་མི་ལི་མི་ཊར་༥ ཡང་ན་ ༡༠ ཡང་ན་ ༡༥ ཡང་ན་ ༢༠ བཅས་སྙོམ་སྒྲིག་བྱེད་ཐུབ་པ་དགོས།
- རུ་ཁག་སོ་སོའི་མི་གཉིས་ལས་གཅིག་བརྟག་དཔྱད་བྱེད་ཡུལ་དང་གཞན་དེ་བྱེད་མཁན་འདམ་དགོས། ཡིན་ནའང་བརྟག་དཔྱད་བྱེད་སྒོ་ཚར་རྗེས་ལས་འགན་བརྗེ་ཆོག་པ་ཡིན།
- བརྟག་དཔྱད་བྱེད་མཁན་གྱིས་སོ་ཤིང་གཉིས་བར་གྱི་རྒྱང་ཐག་མི་ལི་མི་ཊར་ ༥ ཡང་ན་ ༡༠ ཡང་ན་ ༡༥ ཡང་ན་ ༢༠ བཅས་སྒྲིག་དགོས། ཡིན་ནའང་རང་གི་རོགས་པར་རྒྱང་ཐག་ག་ཚོད་བཞག་ཡོད་མིན་ཤོད་རྒྱུ་མེད། དེ་ནས་བརྟག་དཔྱད་བྱེད་ཆེད་ལུས་པོའི་ངོས་འདམ་དགོས། དཔེར་ན་ ལག་མཐིལ། ལག་པའི་རྒྱབ་ངོས། དཔུང་པ་དང་གྲུ་མོ་ལྟ་བུ། བརྟག་དཔྱད་བྱེད་སའི་རོགས་པ་འདིས་མིག་བཙུམ་དགོས། དེ་ནས་བརྟག་དཔྱད་བྱེད་མཁན་གྱིས་དལ་བོའི་ངང་སོ་ཤིང་གཉིས་ཀྱི་སྣེ་དེ་དཔྱད་སའི་མི་འདིའི་པགས་པའི་ཐོག་དུས་གཅིག་ལ་འཛུགས་པ་ལྟར་བཙུགས་དགོས།
- དཔྱད་ཡུལ་མི་འདིས་རང་གི་ལུས་པོའི་ཐོག་སྣེ་གཅིག་གམ་གཉིས་ག་ཚོད་ཚོར་མིན་ཤོད་དགོས། བརྟག་དཔྱད་དེ་ལུས་པོའི་ངོས་འདྲ་མིན་འདམ་པའི་ཐོག་ཐེངས་མང་བྱེད་དེ་འདིའི་མཇུག་འབྲས་དེ་ཐོ་འཁོད་ཤོག་བུའི་ཐོག་བཀོད་དགོས།
- སོ་ཤིང་སྣེ་གཉིས་དབར་རྒྱང་ཐག་སྒྱུར་བ་གཏང་བས་བརྟག་དཔྱད་དེ་བསྐྱར་ཟློས་བྱེད་དགོས། རང་གི་ལུས་པོའི་ངོས་འདྲ་མིན་ཐོག་སྣེ་གཉིས་ནས་གཅིག་ཏུ་འབྱེད་བའི་ཁྱད་པར་དེ་མ་ཤེས་བར་དུ་སོ་ཤིང་སྣེ་གཉིས་བར་གྱི་རྒྱང་ཐག་དེ་སྒྱུར་བ་གཏང་དགོས།
- བརྟག་དཔྱད་དེ་དག་ལུས་པོའི་གནས་མང་པོའི་ཐོག་ཡང་ནས་ཡང་དུ་བྱེད་ཐུབ་པ་དང། དེས་ན་ལུས་ཀྱི་པགས་པའི་སྟེང་ཚོར་བྱེད་སྣེ་ལེན་ཕྲ་ཕུང་གི་འགྲེམ་ཚུལ་ཁྱད་པར་ཡོད་པ་དེ་ཤེས་ཐུབ་པ་ཡིན།
གང་བྱུང་བ་ཡིན་ནམ།
རེག་ཚོར་སྣེ་ལེན་ཕྲ་ཕུང་བྱེ་བྲག་པ་ཤིག་ལ་སྐུལ་མ་ཐེབས་པས་རེག་པའི་ཚོར་བ་དེ་བྱུང་བ་ཡིན། རེག་པའི་སྣེ་གཉིས་སོ་སོར་དབྱེ་ཆེད་སྐུལ་མ་ཐེབས་པའི་སྣེ་ལེན་ཕྲ་ཕུང་གཉིས་ཀྱི་བར་ན་རེག་ཚོར་སྣེ་ལེན་ཕྲ་ཕུང་ཉུང་ཐར་གཅིག་སྐུལ་སློང་མེད་པའི་ངང་གནས་དགོས་ཡོད། དཔེར་ན་ གལ་ཏེ་རེག་ཚོར་སྣེ་ལེན་ཕྲ་ཕུང་གསུམ་གྲལ་བསྟར་གནས་ཡོད་པ་དང་དེ་རྣམས་གསུམ་ཀར་སྐུལ་མ་ཐེབས་ཡོད་པ་ན་རེག་ཚོར་དེ་སྣེ་གཅིག་གི་རེག་ཚོར་ལྟར་ཚོར་བ་ཡིན། གལ་ཏེ་དེ་གསུམ་གྱི་བར་ན་ཡོད་པའི་སྣེ་ལེན་ཕྲ་ཕུང་དེ་སྐུལ་མ་ཐེབས་མེད་པ་དང་མཐའ་གཉིས་ན་ཡོད་པའི་སྣེ་ལེན་ཕྲ་ཕུང་གཉིས་སྐུལ་མ་ཐེབས་ཡོད་ཚེ་ང་ཚོས་རེག་ཚོར་དེ་དག་སྣེ་གཉིས་སོ་སོའི་རེག་ཚོར་མྱོང་བ་ཡིན།དེ་ཡང་རེག་ཚོར་སྣེ་ལེན་ཕྲ་ཕུང་རྣམས་ལུས་པོའི་རྒྱབ་དང། གྲུ་མོ། པུས་མོ་བཅས་ལ་ཐོར་ནས་འགྲེམ་ཡོད་ལ་ལག་མཐིལ་དང་མཆུ་ཏོ་བཅས་ལ་ཚང་ཚིང་ངང་འགྲེམ་ཡོད་འདུག། དེ་སོང་ཙང་སྣེ་གཉིས་སོ་སོའི་རེག་ཚོར་འབྱེད་བར་ལུས་པོའི་ངོས་ཁ་ཤས་ལ་སྣེ་གཉིས་བར་གྱི་རྒྱང་ཐག་དེ་ཆེ་རུ་གཏོང་དགོས་པ་དང་འགའ་ཤིག་ཆུང་དུ་གཏོང་དགོས་ཀྱི་ཡོད།
མི་ཆུང་མཚོན་པའི་དཔེ་རིས་སམ་རྒྱུན་སྲོལ་དཔེ་གཟུགས་ནང་རེག་ཚོར་སྣེ་ལེན་ཕྲ་ཕུང་མང་པོ་ཡོད་པའི་ཆ་ཤས་དེ་ཆེན་པོར་གསལ་ཡོད་པ་དང་རེག་ཚོར་སྣེ་ལེན་ཕྲ་ཕུང་དེ་ཙམ་མེད་པའི་ལུས་པོའི་ཆ་ཤས་དེ་གང་ཙམ་ཆུང་བ་བསྟན་ཡོད། འདིའི་ནང་ལག་པ་དང། རྐང་པ། མདོང་དང་མཆུ་ཏོ་བཅས་མཚོན་པའི་ཆ་ཤས་དེ་ཆེན་པོ་བསྟན་ཡོད།
ཀླད་པའི་ཆ་ཤས་ལུས་ཚོར་ཀླད་ཤུན་ཞེས་པ་འདིའི་དཔེ་བཀོད་ཆུང་ཆུང་མཚོན་པའི་ས་ཁྲའི་ནང་རེག་ཚོར་སྣེ་ལེན་ཕྲ་ཕུང་དེ་ཙམ་མེད་པའི་ལུས་པོའི་ཆ་ཤས་ལས་རེག་ཚོར་སྣེ་ལེན་ཕྲ་ཕུང་དུ་མ་ཡོད་པའི་ལུས་པོའི་ཆ་ཤས་རྣམས་ཀྱིས་ཀླད་ཤུན་འདིའི་རྒྱ་ཁྱོན་ཆེ་བ་བཟུང་གི་ཡོད། ན་ཟུག་དང། ཚ་གྲང་དང་གནོན་ཤུགས་ཞན་པ་བཅས་ཚོར་བྱེད་སྣེ་ལེན་ཕྲ་ཕུང་ལས་ཡོང་བའི་བརྡ་རྣམས་ཀླད་པའི་ཆ་ཤས་འདིར་ཡོང་དགོས་པ་དང་དེ་ནས་ཚོར་བ་སོ་སོར་གང་ཡིན་པའི་ཐག་གཅོད་བྱེད་ཀྱི་ཡོད།
Post a Comment