ཕྱི་ལོ་༢༠༢༠ ནི་འཛམ་གླིང་ཡོངས་ལ་ཁྱབ་པའི་ཝུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་མི་ས་ཡ་མང་པོ་རྐྱེན་འདས་སུ་བཏང་བ་དང་། གོ་ལ་ཡོངས་ཀྱི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་མ་ཟད། མི་རྣམས་ཁྱིམ་སྡོད་བཀའ་ཁྱབ་འོག་གནས་སྟེ་ལོ་ངོ་ཧྲིལ་པོ་མཇུག་སྒྲིལ། འཛམ་གླིང་རྒྱལ་ཁབ་གང་ས་ནས་ནད་ཡམས་ཁྱབ་གདལ་དུ་མི་འགྲོ་བར་འཛིན་སྐྱོང་གི་ཐབས་ཇུས་འདྲ་མིན་སྤེལ་བཞིན། མྱུར་སྐྱོབ་སྨན་ཁང་གི་སྨན་པ་དང་སྨན་ཞབས་རྣམས་ནས་ཉིན་མཚན་བསྟུད་མར་ནད་ལས་མནར་བཞིན་པའི་ནད་པ་ཚོར་སྨན་བཅོས་བྱེད་པ་དང་། མདུན་ཐོན་གདོང་ལེན་པས་དུས་ནམ་ཡིན་ལ་དཀའ་ངལ་ཁྱད་དུ་བསད་དེ་སྨན་ཁང་གི་ལས་བྱེད་ཚོར་རམ་འདེགས་ཞུས། དེ་ལྟ་བུའི་དྭདངས་འཚབ་དང་དཀའ་ཚེགས་ཆེ་བའི་ལོ་ནག་དེ་སྐྱེ་བོ་ཀུན་གྱིས་མི་ཚེའི་ནང་བརྗེད་ཐབས་བྲལ་བའི་གནས་སྟངས་ཤིག་ཏུ་འགྱུར། 


འོན་ཀྱང་། མི་ཚོས་ཚན་རིག་ལ་ཡིད་ཆེད་དང་བློ་གཏད་བཅོལ་ཞིང་། འཛམ་གླིང་ཕྱོགས་གང་སའི་ཚན་རིག་པ་ཚོས་ཏོག་དབྱིབས་ནད་ཡམས་ལས་མྱུར་གྲོལ་དང་མི་སྟོང་ཕྲག་མང་པོའི་ཚེ་སྲོག་སྐྱོབ་ཆེད་ནུས་པ་ཡོད་ཚད་སྤུངས་སྟེ་ཏོག་དབྱིབས་ནད་དུག་གི་འགོག་སྨན་བཟོ་བསྐྲུན་དང་ཉམས་ཞིབ་ཀྱི་ལས་རིགས་སྣ་ཚོགས་ཤིག་སྤེལ། ལོ་གཅིག་ལྷག་ཞིབ་ཚགས་ཀྱི་ཉམས་ཞིབ་དང་། ཚོད་ལྟ་རིམ་པ་མང་པོ་བརྒྱུད་དེ་མཐར་ཏོག་དབྱིབས་ནད་ཡམས་ལས་གྲོལ་ཐུབ་པའི་རེ་བའི་འོད་ཟེར་མངོན་སུམ་དུ་འཆར་བ་བྱུང་སྟེ། ཏོག་དབྱིབས་ནད་ཡམས་ཀྱི་འགོག་སྨན་དངོས་སུ་ཛ་དྲག་བཀོལ་སྤྱོད་ཀྱི་བཀའ་འཁྲོལ་ཐོག་འཛམ་གླིང་ནང་འགོག་ཁབ་རྒྱབ་རྒྱུ་ལས་གཞི་སྤེལ་འགོ་འཚུགས།  ཕྱི་ལོ་༢༠༢༠ ལོ་མཇུག་ཙམ་ནས་ཐོག་མར་ཨ་རི་དང་། ཁེ་ན་ཌ། དེ་ནས་ཨིན་ཡུལ། ཡུ་རོབ་རྒྱལ་ཁབ་ཁག་བཅས་ནས་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་ཆེས་ཡར་ཐོན་ཅན་གཉིས་ལ་ངོས་འཛིན་དང་བཀའ་འཁྲོལ་གནང་ནས་དངོས་སུ་རྒྱབ་འགོ་བཙུགས་པ་དང། ཕྱི་ལོ་གསར་པ་༢༠༢༡ ཤར་སྟེ་རྒྱ་གར་གཞུང་ནས་ཀྱང་ཛ་དྲག་གི་བཀོལ་སྤྱོད་ཐོག་ཏོག་དབྱིབས་འགོག་ཁབ་གཉིས་ལ་ངོས་འཛིན་དང་བཀའ་ཁྲོལ་གནང་ཡོད། 


ང་ཚོས་ཤེས་གསལ་ལྟར་ན་ཏོག་དབྱིབས་ནད་དུག་གི་འགོག་ཁབ་དེ་ཅི་འདྲ་ཞིག་རེད་དམ། 


དེ་ཡང་། ད་ལྟའི་འཆར་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཐོན་ཐུབ་པ་བྱུང་བ་དང་། རྒྱལ་ཁབ་ཁག་ནས་ངོས་འཛིན་ཐོབ་ནས་དངོས་སུ་རྒྱབ་རྒྱུའི་བཀའ་འཁྲོལ་ཐོབ་པ་ཁ་ཤས་ལས་མེད། དེ་དག་ནི་ཨ་རི་དང་ཇར་མེན་འགོག་ཁབ་བཟོ་བསྐྲུན་ཁང་མཉམ་འབྲེལ་བྱས་པའི་ཕ་ཡི་ཛར། སྦ་ཡོན་ཊེཀ་Pfizer Biontech དང་། དེ་རྗེས་ཨ་རིའི་འགོག་ཁབ་བཟོ་བསྐྲུན་ཁང་མོ་ཌར་ན་Moderna གཉིས་ལ་ཨ་རིའི་གཞུང་ནས་འཛམ་གླིང་ནང་ཐོག་མའི་འགོག་ཁབ་རྒྱབ་རྒྱུའི་ལས་གཞིར་བཀའ་འཁྲོལ་གནང་། དེ་རྗེས་རིང་པོར་མ་འགོར་བར་ཨིན་ཇེས་ཀྱང་དེ་དེ་བཞིན་གྱིས་གོང་འཁོད་འགོག་ཁབ་བཟོ་བསྐྲུན་ཁང་གཉིས་དང་། དེ་མིན་ཨིཧ་ལེཌ་ནང་གཏན་གཞི་བྱས་པའི་ཨོཀྶི་ཕོརཌ་Oxford གཙུག་ལག་ཁང་དང་འགོག་ཁབ་བཟོ་སྐྲུན་ཁང་ཨསེ་ཌར་ཛེནེཀ་AsterZenecaགཉིས་མཉམ་འབྲེལ་བཟོ་བསྐྲུན་བྱས་པའི་འགོག་ཁབ་བཅས་གསུམ་ལ་ངོས་འཛིན་དང་ཛ་དྲག་བཀོལ་སྤྱོད་ཀྱི་བཀའ་འཁྲོལ་གནང་ཏེ་འགོག་ཁབ་རྒྱབ་འགོ་འཚུགས། དེ་བཞིན་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་ནས་ཀྱང་གོང་གསལ་འགོག་ཁབ་ Pfizer Biontechདང་Moderna གཉིས་ཐོག་བཀའ་འཁྲོལ་གནང་ཏེ་འགོག་ཁབ་རྒྱབ་འགོ་ཚུགས། 





དེ་རྗེས་ཕྱི་ལོ་༢༠༢༡ ཕྱི་ཟླ་༠༡ ཚེས་༠༣ ཉིན་རྒྱ་གར་སྲིད་གཞུང་ནས་ཀྱང་རྒྱ་གར་རང་གི་ཡིན་པའི་འགོག་ཁབ་བཟོ་བསྐྲུན་ཁང་བྷ་རཏ་ སྦ་ཡོ་ཌེཀ་Bharat Biotech གི་COVAXINདང་། ཨསེ་ཌར་ཛེནེཀ་AsterZenecaདང་ཨོཀྶི་ཕོརཌ་Oxfordནས་འགོག་ཁབ་འཆར་བཀོད་གནང་ཏེ་རྒྱ་གར་ནང་ཡོད་པའི་Pune Serum Institute ནས་ཆེད་དམིགས་བཟོ་བསྐྲུན་བྱས་པའི་འགོག་ཁབ་COVISHEILDགཉིས་པོར་རྒྱ་གར་ནང་ཛ་དྲག་བཀོལ་སྤྱོད་བྱེད་ཆོག་པའི་བཀའ་འཁྲོལ་གནང་ཏེ། རྒྱ་གར་ནང་ཕྱི་ལོ་༢༠༢༡ ཕྱི་ཟླ་༠༡ ཚེས་༡༦ ཉིན་ནས་དངོས་སུ་འགོག་ཁབ་རྒྱབ་འགོ་ཚུགས་ཡོད། འཛམ་གླིང་ནང་རྒྱལ་ཁབ་མང་པོས་ཀྱང་ཡར་ཐོན་ཅན་གྱི་འགོག་ཁབ་རྣམས་ལ་ཞིབ་འཇུག་བྱས་སྟེ་རྒྱབ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། 


དེ་ལྟ་བུ་རྒྱལ་ཁབ་སོ་སོས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱབ་འགོ་བཙུགས་ཚེ། འགོག་ཁབ་རྒྱབ་ལུགས་རྒྱབ་སྟངས་ཇི་འདྲ་ཞིག་ཡིན་མིན་དང་། འགོག་ཁབ་དང་པོ་སུ་ལ་རྒྱབ་འཆར་ཡོད་མེད་བཅས་ལ་དྲི་བ་སླེབས་ངེས་ཡིན། 

དེར་བརྟེན་ཛ་དྲག་གི་འགོག་ཁབ་རྒྱབ་ཕྱོགས་ཐད་སྤྱིར་རྒྱལ་ཁབ་ཚང་མའི་འཛིན་སྐྱོང་གི་སྲིད་ཇུས་གཅིག་མཚུངས་ཡིན། དེ་ཡང་། ཛ་དྲག་གི་ཆེད་དུ་སྨན་ཁང་ནང་གི་སྨན་པ་དང་། སྨན་ཞབས་པ། དེ་བཞིན་སྨན་ཁང་ནང་གི་འབྲེལ་ཡོད་ལས་བྱེད་ཁག དེ་རྗེས་ནད་ཡམས་དང་འབྲེལ་བའི་སྤྱི་ཚོགས་ཁྲོད་མདུན་ཐོན་གདོང་ལེན་མི་སྣ་ཁག་(Frontliner) དེ་ནས་ལོ་ན་༥༠ གོང་གི་གང་ཟག་བགྲེས་པ་ཚོ་དང་། དུས་གཅིག་ལ་ནད་འདྲ་མིན་གྱིས་མནར་བཞིན་པའི་ནད་པ་ཚོར་རྒྱབ་རྒྱུ་ཡིན་འདུག གོང་གསལ་ཛ་དྲག་གིས་འགོག་ཁབ་རྒྱབ་དགོས་པའི་སྡེ་ཁག་རྣམས་གྲུབ་རྗེས། མི་མང་དཀྱུས་མར་འགོག་ཁབ་རྒྱབ་ངེས་ཡིན། 

གང་ལྟར་རྒྱ་གར་ལྟ་བུ་འཛམ་གླིང་ནང་མི་འབོར་མང་ཤོས་གཉིས་པ་ཡིན་པའི་རྒྱལ་ཁབ་ཅིག་ལ་ཆ་བཞག་ན། ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱབ་རྒྱུའི་ལས་གཞི་ནི་ལས་སླ་པོ་ཞིག་མིན། ཐོག་མར་འཛིན་སྐྱོང་ངོས་ནས་མི་མང་ས་ཡ་མང་པོར་སྟངས་འཛིན་བྱེད་རྒྱུའི་འཆར་གཞི་ཡག་པོ་ཞིག་དགོས་པ་དང་། དེ་ནས་མི་མང་ནས་ཀྱང་འཛིན་སྐྱོང་གི་ལམ་སྟོན་བཞིན་འཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་ཡིན། དེར་བརྟེན་རྒྱ་གར་ལྟ་བུར་མཚོན་ན་མི་འབོར་ཐེར་འབུམ་༡་༣ ཙམ་ཡོད་པའི་རྒྱལ་ཁབ་ཞིག་ཡིན་རྐྱེན། སྔོན་ཚུད་ནས་འཛིན་སྐྱོང་གི་འཆར་གཞི་དང་སྟངས་འཛིན་ལེགས་པོ་ཞིག་དགོས་ངེས་ཡིན་པས། ཉེ་དུས་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱབ་ཆེད་སྔོན་འགྲོའི་ཚུལ་དུ་སྐམ་སྦྱོང་(Dry drill)གི་ལས་གཞི་ཆེན་པོ་རིམ་པ་གསུམ་སྤེལ་བ་ཡིན་ཞིང་། 



དེ་ཡང་། སྐམ་སྦྱོང་སྐབས་དངོས་སུ་སྨན་ཁབ་ཡོད་པའི་སྣང་ཚུལ་བྱས་ཏེ། དབུས་གཞུང་ནས་མངའ་སྡེ་གཞུང་དང་། མངའ་སྡེ་གཞུང་ནས་རྫོང་ཁོངས་སོ་སོ། དེ་བཞིན་རྫོང་ཁོངས་སོ་སོའི་སྨན་ཁང་ཡོངས་ལ་འགོག་ཁབ་བགོ་འགྲེམས་བྱེད་རྒྱུ་དང་། འགོག་ཁབ་ཉར་འཇོག་བྱེད་སྟངས། སྨན་པ་དང་སྨན་ཞབས་པའི་ལས་བྱེད་ས་གནས་ཁག་ལ་བགོ་འགྲེམས་བྱེད་རྒྱུ་དང་། འགོག་ཁབ་རྒྱབ་ཕྱོགས་བཅས་ཕྱོགས་ཡོངས་ནས་སྐམ་སྦྱོང་བྱས་སྟེ། སྐམ་སྦྱོང་སྐབས་འཕྲད་པའི་དཀའ་ངལ་ཁག་སྔོན་ཚུད་ནས་ཤེས་རྟོགས་བྱུང་ཚེ། འགོག་ཁབ་དངོས་སུ་རྒྱབ་སྐབས་སྔ་ས་ནས་དཀའ་ངལ་དེ་དག་མི་འཕྲད་པའི་གྲ་སྒྲིག་བྱེད་ཕྱོགས་ཐད་ཁྱད་པར་ཆེན་པོ་ཡོད་པས། རྒྱ་གར་གཞུང་ནས་རིམ་པ་གསུམ་ཅན་གྱི་སྐམ་སྦྱོང་རྒྱལ་ཁབ་ཡོངས་སུ་ཁྱབ་པར་བྱས་ཡོད། 

ཐེངས་དང་པོ། ༢༠༡༩ ཕྱི་ཟླ་༡༢ ཚེས་༢༨ དང་༢༩ ( རྫོང་ཁག་ ༨)

ཐེངས་གཉིས་པ། ༢༠༢༠ ཕྱི་ཟླ། ༠༡ ཚེས་ ༠༢( ཐོག་མའི་རྒྱ་གར་རྒྱལ་ཡོངས་སྐམ་སྦྱོང་རྫོང་ཁག་ ༧༤ ལ་ཁྱབ་པ་བྱས།)

ཐེངས་གསུམ། ༢༠༢༠ ཕྱི་ཟླ། ༠༡ ཚེས་ ༠༨ (མངའ་སྡེ་ ༣༣ དང་། Union Territory)

ཏོག་དབྱིབས་ནད་དུག་འགོག་ཁབ་དངོས་སུ་ལག་བསྟར་ཞུས་དུས། ཐོག་མར་ཛ་དྲག་བཀོལ་སྤྱོད་ཆེད་དགོས་ངེས་ཅན་གྱི་མི་སྣ་ཁག་ལ་རྒྱབ་ངེས་ཡིན་པ་དང་། དེ་རྗེས་མི་མང་བྱིངས་ལ་འགོག་ཁབ་རྒྱབ་རྒྱུ་ཡིན་པས། དེའི་ཆེད་དུ་རྒྱ་གར་གཞུང་གི་ལམ་སྟོན་བཞིན་མི་མང་ཚོས་སྔོན་ཚུད་ནས་ཏོག་དབྱིབས་ནད་དུག་འགོག་ཁབ་རྒྱབ་ཆེད་སོ་སོའི་ལག་ཐོག་ཁ་དཔར་དུ་རྒྱ་གར་གཞུང་གིས་ཆེད་མངགས་འདོན་སྤེལ་ཞུས་པའི་བཀོལ་སྤྱོད་མཉེན་ཆས་Co-WIN ཞེས་པ་དེ་ཕབ་ལེན་བྱེད་དགོས་པ་དང་། 

མཉེན་ཆས་བརྒྱུད་དེ་ཏོག་དབྱིབས་ནད་དུག་འགོག་ཁབ་སྔོན་མངགས་བྱེད་དགོས་འདུག དེའི་རྒྱུ་མཚན་ནི་རྒྱ་གར་ནང་མི་འབོར་མང་པོ་དུས་གཅིག་ལ་འགོག་ཁབ་རྒྱབ་མི་ཐུབ་པ་ཤེས་གསལ་རེད། མ་ཟད་རྒྱ་གར་ནང་མངའ་སྡེ་དང་རྫོང་ཁག་སོ་སོའི་ནང་འགོག་ཁབ་ཆ་རྐྱེན་འཐུས་ཚང་ཞིག་གྲ་སྒྲིག་ཡོད་མེད་དང་། དེ་བཞིན་འགོག་ཁབ་རྒྱབ་མཁན་གྱི་སྨན་ཞབས་ལས་བྱེད་གྲངས་འབོར་འདང་ངེས་ཤིག་ཡོད་མེད། ཡང་བསྒོས་འགོག་ཁབ་རྒྱབ་སའི་ས་ཚིགས་མང་ཉུང་བཅས་ཕྱོགས་ཡོངས་ལ་གཞིགས་ཏེ། མི་མང་ཚོས་ཀྱང་འབྲེལ་འཚུབ་དང་ཚང་ཀ་མི་རྒྱབ་པའི་ཐོག་སྔོན་ཚུད་ནས་ཁ་པར་ནང་གི་བཀོལ་སྤྱོད་མཉེན་ཆས་བརྒྱུད་དེ་སྔོན་མངགས་བྱེད་དགོས་པ་དང་། སོ་སོའི་ཉེ་འཁོར་གྱི་ས་གནས་གྲོང་ཁྱེར་རམ། གྲོང་སྡེ། གྲོང་གསེབ་ཇི་འདྲ་ཞིག་ལ་འགོག་ཁབ་རྒྱབ་རྒྱུའི་དུས་ཚོད་དང་ས་ཚིགས་སྟོང་པ་ཡིན་མིན་ལ་བལྟས་ཏེ། དུས་ཚོད་དང་ས་ཚིགས་འཛིན་སྐྱོང་ནས་ལམ་སྟོན་བཞིན་ཞུ་དགོས་པ་གལ་ཆེ་འཛིན་དགོས་འདུག རྒྱ་གར་ནང་ལག་ཐོག་ཁ་དཔར་བརྒྱུད་བཀོལ་སྤྱོད་མཉེན་ཆས་བེད་སྤྱོད་བྱེད་མི་ཤེས་མཁན་ཀྱང་མི་ཉུང་བ་ཞིག་ཡོད་པས། འཛིན་སྐྱོང་ནས་ཀྱང་དེའི་གནས་སྟངས་གཞིར་བཟུང་འཕྲོད་བསྟེན་ལས་བྱེད་མང་པོ་གྲོང་གསེབ་ཆེ་ཕྲ་ཆུང་གསུམ་མཐའ་དག་ལ་མི་མང་ཐོ་བཀོད་རྒྱབ་རྒྱུ་དང་། འགོག་ཁབ་རྒྱབ་ཕྱོགས་བཅས་ཀྱི་ལམ་སྟོན་འཐུས་ཚང་ཞུས་བཞིན་ཡོད།





རྒྱ་གར་འཕྲོད་བསྟེན་ལས་ཁུངས་ནས་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་འགོག་ཁབ་རྒྱབ་འཆར་ལ། རྒྱ་གར་ནང་ཐོག་མར་འགོག་ཁབ་གྲངས་ས་ཡ་༡༠ དེ་སྨན་པ་དང་། སྨན་ཞབས། སྨན་ཁང་ལས་བྱེད་ཁག དེ་ནས་ས་ཡ་༢༠ མདུན་ཐོན་གདོང་ལེན་པ་རྣམས། ས་ཡ་༢༧༠ ལོ་༥༠ ཡན་གྱི་རྒན་བགྲེས་ཁག་དང་། དུས་གཅིག་ལ་ནད་འདྲ་མིན་གྱིས་མནར་བཞིན་པའི་ནད་པ་ཁག་བཅས་སུ་ཐོག་མའི་འགོག་ཁབ་རྒྱབ་རྒྱུའི་ལས་རིམ་ཁོངས་སུ་ཚུད་འདུག དེ་བཞིན་འགོག་ཁབ་རྒྱབ་ཕྱོགས་ལས་རིམ་རྣམས་གློག་ཆས་བརྒྱུད་འཚོལ་གཤེར་བྱེད་རྒྱུ་དང་། ད་བར་རྒྱ་གར་ནང་མི་གྲངས་ས་ཡ་༨ ཙམ་ལ་ཏོག་དབྱིབས་འགོག་ཁབ་ཐེངས་དང་པོ་དེ་རྒྱབས་ཟིན་ཡོད། དེའི་གྲས་སུ་བཞུགས་སྒར་དྷ་སའི་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། དེ་བཞིན་འཕྲོད་བསྟེན་ལས་བྱེད་བཅས་དགོས་ངེས་ཅན་མི་སྣ་བདུན་ཆེད་འདེམས་ཀྱིས་འགོག་ཁབ་ཐེངས་དང་པོ་རྒྱབ་རྒྱུའི་ལས་རིམ་དུ་ཞུགས་ཡོད། འགོག་ཁབ་ཐེངས་གཉིས་པ་དེ་ཉིན་གྲངས་༢༨ རྗེས་རྒྱབ་དགོས་པ་དང་། དེ་ནས་ཉིན་༡༤ རྗེས་ཁྱེད་ཀྱི་ལུས་པོའི་འགོག་སྲུང་མ་ལག་ཆ་ཚང་བ་ཞིག་ཏོག་དབྱིབས་ནད་དུག་དེ་ལ་འགོག་ཐུབ་པའི་ནུས་པ་ལྡན་ཡོད་པ་རེད་འདུག 


རྒྱ་གར་གཞུང་ངོས་ནས་གྲ་སྒྲིག་དང་ཚོད་དཔག་རྒྱབ་པར་གཞིགས་ན། ཕྱི་ལོ་༢༠༢༡ ཕྱི་ཟླ་༠༨ སྔོན་ཚུད་ཙམ་ནས་རྒྱ་གར་ནང་མི་གྲངས་ས་ཡ་༣༠༠ ཙམ་ལ་ཏོག་དབྱིབས་ནད་དུག་འགོག་ཁབ་དེ་རྒྱབ་ཐུབ་པའི་ཚོད་དཔག་བྱེད་བཞིན་འདུག འོན་ཀྱང་། མི་འབོར་ཐེར་འབུམ་༡་༣ གྱིས་ཁེངས་པའི་རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་ལྟ་བུར་མི་མང་སྤྱི་ཡོངས་སུ་འགོག་ཁབ་རྒྱབ་ཐུབ་རྒྱུ་ནི་དུས་ཡུན་གང་འཚམས་འགོར་ངེས་ཡིན་པས། ཇི་སྲིད་རང་ཉིད་ལ་འགོག་ཁབ་དེ་མ་ཐོབ་བར། དེ་སྲིད་ཀྱིས་སྔར་རྒྱུན་བཞིན་ཁ་རས་གྱོན་རྒྱུ་དང་། མི་མང་འདུ་འཛོམས་མང་པོར་གང་ཐུབ་ཀྱིས་མི་འགྲོ་བར་བརྩོན་དོན་བྱེད་རྒྱུ། དེ་བཞིན་ལག་པ་ཡང་སེ་འཁྲུས་པའམ་དུག་སེལ་བྱེད་དགོས་གལ་ཤིན་ཏུ་ཆེ། 


ཏོག་དབྱིབས་ནད་དུག་གི་འགོག་ཁབ་ལ་རིན་བབ་ག་ཚོད་ཙམ་གནས་སམ། 


ཨ་རི་དང་། ཨིན་ཡུལ། ཁེ་ན་ཌ། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཁག་ནས་ཆེས་ཐོག་མའི་ཡར་ཐོན་ཅན་གྱི་འགོག་ཁབ་ཕ་ཡི་ཛར། སྦ་ཡོན་ཊེཀ་Pfizer Biontechདང་མོ་ཌར་ན་Moderna གཉིས་ཐོག་མའི་ཛ་དྲག་གི་བཀོལ་སྤྱོད་བཀའ་འཁྲོལ་གནང་ཏེ་འགོག་ཁབ་བཟོ་སྐྲུན་ཁང་དེ་གཉིས་ནས་སྔོན་ཚུད་ནས་འགོག་ཁབ་ས་ཡ་མང་པོ་ཆེད་དུ་མངགས་ནས། དེ་དག་གི་རིན་བབ་རྣམས་གཞུང་རང་ནས་འཇལ་སྟེ་མི་མང་ནང་ཛ་དྲག་གི་དགོས་ངེས་ཁག་ལ་དངོས་སུ་རྒྱབ་འགོ་ཚུགས་ཡོད། དེར་བརྟེན་གོང་གསལ་རྒྱལ་ཁབ་ཕལ་མོ་ཆེས་གཞུང་རང་ནས་མི་མང་ལ་རིན་མེད་ཐོག་འགོག་ཁབ་རྒྱབ་འཆར་གྱི་ལས་རིམ་ཞིག་སྤེལ་བཞིན་ཡོད། 


འོ་ན། རང་རེའི་བཙན་བྱོལ་བོད་མི་གནས་སྡོད་བྱས་སའི་རྒྱ་གར་རྒྱལ་ཁབ་ལྟ་བུར་གཞིགས་ན། རྒྱ་གར་གཞུང་ངོས་ནས་འགོག་ཁབ་བཟོ་བསྐྲུན་ཁང་བྷ་རཏ། སྦ་ཡོ་ཌེཀ་Bharat Biotech གི་COVAXINདང་། ཨསེ་ཌར་ཛེནེཀ་AsterZenecaདང་ཨོཀྶི་ཕོརཌ་Oxfordནས་འགོག་ཁབ་འཆར་བཀོད་གནང་ཏེ་རྒྱ་གར་ནང་ཡོད་པའི་Pune Serum Institute ནས་ཆེད་དམིགས་བཟོ་བསྐྲུན་བྱས་པའི་འགོག་ཁབ་COVISHEILDགཉིས་པོར་རྒྱ་གར་ནང་ཛ་དྲག་བཀོལ་སྤྱོད་བྱེད་ཆོག་པའི་བཀའ་འཁྲོལ་གནང་བ་དང་། ཐོག་མར་Pune Serum Institute ནས་COVISHEILDའགོག་ཁབ་གྲངས་ས་ཡ་༡༠༠ ཐམ་པ་དེ་ཧིན་སྒོར་༢༠༠ བབ་ཀྱིས་རྒྱ་གར་གཞུང་རང་ནས་སྲིད་བློན་ཐེབས་རྩའི་མ་དངུལ་(PM-Relieve Fund)ནས་ཉོས་ཡོད་པ་དང་། འགོག་ཁབ་དེ་དག་གཞུང་ནས་རིན་མེད་ཐོག་རྒྱབ་རྒྱུ་ཡིན་འདུག འོན་ཀྱང་། མི་འབོར་ཐེར་འབུམ་༡་༣ ཐམས་ཅད་ལ་རིན་མེད་ཐོག་འགོག་ཁབ་ཐོབ་རྒྱུ་དེ་གཞུང་ལའང་ཁག་པོ་ཡོད་པས། གལ་ཏེ་མ་འོངས་པ་རང་ངོས་ནས་འགོག་ཁབ་རྒྱབ་རྒྱུའི་གནས་སྟངས་ཤིག་འཕྲད་ཚེ། འགོག་ཁབ་བཟོ་སྐྲུན་ཁང་ནས་སྒེར་ཚོང་སྡེ་ཁག་བརྒྱུད་མི་མང་ལ་ཚོང་ངེས་ཡིན་པས། འགོག་ཁབ་རེ་རེ་ལ་ཧིན་སྒོར་༡༠༠༠གནས་ཀྱི་ཡོད་པ་དང་། འགོག་ཁབ་ཐེངས་གཉིས་རྒྱབ་དགོས་པས་མི་རེར་ཧིན་སྒོར་༢༠༠༠ གྱི་རིན་བབ་གནས་ངེས་རེད་འདུག 

གོང་གསལ་གནད་དོན་དེ་Pune Serum Institute ཀྱི་འགན་འཛིན་Adar Poonawala ནས་གསར་འགོད་ལན་འདེབས་སུ་ཕུལ་བའི་གནས་ཚུལ་ཞིག་ཡིན།



ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཆེད་ཐོག་མའི་ཉམས་ཞིབ་དང་། ཚོད་ལྟ་རིམ་པ་ཁག ཕན་ནུས་ཚད་འཇལ། དེ་བཞིན་བཟོ་བསྐྲུན་བྱེད་ཕྱོགས་བཅས་ཚན་རིག་གི་རྒྱབ་ཕྱོགས་གནད་དོན། 


ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཡར་ཐོན་བྱུང་སྟངས།

ཏོག་དབྱིབས་ནད་དུག་འགོག་ཁབ་གྲུབ་སྐབས་གལ་ཆེའི་དམིགས་ཡུལ་གཉིས་ལ་འཛིན་གྱི་ཡོད།


༡། བརྟན་ཆ། Safety

དེ་ཡང་། འགོག་ཁབ་གྲུབ་སྐབས་གལ་ཆེ་ཤོས་དེ་བརྟན་ཆ་ཡིན་ཞིང་། འགོག་ཁབ་སྒྲུབས་ཟིན་ནས་དངོས་སུ་མི་མང་ལ་རྒྱབ་སྐབས། འགོག་ཁབ་ཤུགས་རྐྱེན་གྱིས་མི་ལ་ཟུར་ཕོག་(Side effect)ཉེན་ཚབས་ཅན་འདྲ་མིན་མི་ཡོང་བ་ཞིག་དགོས་པ་གལ་ཆེན་པོར་འཛིན་དགོས་པ་དང་། སྤྱིར་འགོག་ཁབ་རྒྱབ་ནས་ལུས་པོར་ཚ་བ་རྒྱས་པ་དང་། ཟ་ཕྲུག་ལངས་པ་ལ་སོགས་པའི་ཟུར་ཕོག་འདྲ་ཡོང་སྲིད་པ་དེ་རྒྱུན་གཏན་ཞིག་ཡིན་རུང་། སྲོག་ལ་ཉེན་ཚབས་ཅན་གྱི་ལུས་པོའི་ནང་ཟགས་དབང་པོར་སྐྱོན་ཕོག་པ་ལྟ་བུ་མི་ཡོང་བར་སྔོན་ཚུད་ནས་བརྟན་ཆ་འཛིན་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་ཡིན།


༢། ནུས་པ། ཕན་ཐོགས། Efficacy

  • ནད་རིགས་འགོག་ཐུབ་མིན་གྱི་ཕན་ནུས་ལ་ལྟ་ཞིབ། ( Efficacy to prevent disease)
  1. སྲོག་ཆགས་ཐོག་ཚོད་ལྟ། མིའི་ཐོག་ཚོད་ལྟ་ ༡ མི་འབོར་ཉུང་ཉུང་།(༡༠༠ ལས་ཉུང་བ།)
  2. མིའི་ཚོད་ལྟ་ ༢  མི་འབོར་(༡༠༠ ནས་༡༠༠༠ བར།)
  3. མིའི་ཚོད་ལྟ་ ༣   མི་འབོར་(༡༠༠༠ ནས་༡༠༠༠༠)
  4. ཛ་དྲག་བཀོལ་སྤྱོད།


  • གཉན་ནད་རིགས་འགོག་ཐུབ་མིན་གྱི་ཕན་ནུས་ལ་ལྟ་ཞིབ། ( Efficacy to prevent Infections)


ཏོག་དབྱིབས་ནད་དུག་གི་འགོག་ཁབ་བཟོ་བསྐྲུན་བྱ་ཆེད་ཉམས་ཞིབ་དང་། ཚོད་ལྟ་རིམ་པ་ཁ་ཤས་ངེས་པར་དུ་འགྲོ་དགོས་པ་ནི།



སྲོག་ཆགས་ཐོག་ཚོད་ལྟ། Pre-clinical trial (animal testing)


  • ཙི་ཙི་ལྟ་བུའི་སྲོག་ཆགས་ཐོག་འགོག་ཁབ་ཚོད་ལྟ། འགོག་ཁབ་ཀྱི་ཟུར་ཕོག་མངོན་མིན་ལྟ་ཞིབ། 
  • འགོག་ཁབ་ཀྱི་ཕན་ནུས་ལ་ལྟ་ཞིབ། (འགོག་ཁབ་རྒྱབ་རྗེས་ཙི་ཙིའི་ལུས་པོས་འགོག་ཟུངས་སྐྱེད་རྫས་Antibodies མངོན་འགྱུར་བྱས་མིན་ལ་ལྟ་ཞིབ།)
  • གལ་ཏེ་འགོག་ཁབ་རྒྱབ་པའི་ཙི་ཙིས་ནད་དུག་འགོག་གི་ཡོད་ཚེ། དེ་ནས་མིའི་ཐོག་ཚོད་ལྟ་དང་པོ་བྱེད་ཆོག


མིའི་ཐོག་ཚོད་ལྟ་རིམ་པ་ ༡   Phase-1

  • མིའི་ཐོག་འགོག་ཁབ་ཚོད་ལྟ། (མི་འབོར་༡༠༠ ལས་ཉུང་བ།)
  • མི་དེའི་ལུས་པོའི་གནས་སྟངས་བདེ་མིན་དང་། ཟུར་ཕོག་(Side effect)མངོན་གྱི་ཡོད་མེད་ལ་ལྟ་ཞིབ།
  • འགོག་ཁབ་ཀྱི་ཐུན། (Dosage)

 -ཐུན་ཚད་མཐོ་ཤོས། Upper limit ཟུར་ཕོག་ཆེ་ཤོས་ལ་གཞིགས་ནས་སྨན་གྱི་ཐུན་ཚད་ལ་ཚོད་འཛིན་བྱ་རྒྱུ། (Increase side effect)

 - ཐུན་ཚད་དམའ་ཤོས། lower limit ལུས་པོའི་འགོག་ཟུངས་སྐྱེད་རྫས་ཀྱི་ཡ་ལན་ལ་གཞིགས་སྟེ་སྨན་གྱི་ཐུན་ཚད་ལ་ཚོད་འཛིན་བྱ་རྒྱུ། (Decrease antibody response)


མིའི་ཐོག་ཚོད་ལྟ་རིམ་པ་ ༢   Phase-2

  • མིའི་ཐོག་འགོག་ཁབ་ཚོད་ལྟ། (མི་འབོར་༡༠༠ ནས་ ༡༠༠༠བར།)
  • འགོག་ཁབ་རྒྱབ་ཡུལ་ཚོད་ལྟའི་མི་རྣམས་མི་འབོར་སྤྱི་ཡོངས་སུ་ཁྱབ་ཀྱི་ཡོད་མེད་ལ་ལྟ་ཞིབ་བྱས་དགོས། དཔེར་ན། ལོ་ཚད་༡༨ ཡན་དང་། མིའི་རིགས་འདྲ་མིན་ཁག  མིའི་གཟུགས་པོའི་གནས་བབས་འདྲ་མིན་ཁག  ཕོ་མོ་འདྲ་མིན། 
  • འགོག་ཁབ་ལས་ཟུར་ཕོག་མངོན་གྱི་ཡོད་མིན་ལ་ལྟ་ཞིབ།
  • འགོག་ཁབ་ཀྱི་ཐུན་ལ་ལྟ་ཞིབ།


མིའི་ཐོག་ཚོད་ལྟ་རིམ་པ་ ༣  Phase-3

  • མིའི་ཐོག་འགོག་ཁབ་ཚོད་ལྟ། (མི་འབོར་༡༠༠༠ ནས་ ༡༠༠༠༠བར།)
  • འགོག་ཁབ་རྒྱབ་ཡུལ་ཚོད་ལྟའི་མི་རྣམས་ཀྱི་མི་འབོར་སྤྱི་ཡོངས་སུ་ཁྱབ་གྱི་ཡོད་མེད་ལ་ལྟ་ཞིབ་བྱས་དགོས། དཔེར་ན། ལོ་ཚད་༡༨ ཡན་དང་། མིའི་རིགས་འདྲ་མིན་ཁག  མིའི་གཟུགས་པོའི་གནས་བབས་འདྲ་མིན་ཁག  ཕོ་མོ་འདྲ་མིན། 
  • འགོག་ཁབ་ལས་ཟུར་ཕོག་མངོན་གྱི་ཡོད་མིན་ལ་ལྟ་ཞིབ།
  • འགོག་ཁབ་ཐུན་ལ་ལྟ་ཞིབ།


གོང་གསལ་ཚོད་ལྟ་རིམ་པ་ཁག་ཞིབ་ཚགས་བརྒྱུད་དེ་མཐར་འཛིན་སྐྱོང་གི་ཟས་དང་སྨན་སྟངས་འཛིན་ལྷན་ཁང་(Food and Drug Administration)ནས་ལྟ་ཞིབ་གནང་ཏེ་ལེགས་གྲུབ་བྱུང་ཚེ། ཛ་དྲག་བཀོལ་སྤྱོད་ཀྱི་བཀའ་འཁྲོལ་འོག་ནས་མི་མང་ནང་བེད་སྤྱོད་བྱེད་ཆོག་པ་ཡིན། 



བྱས་ན་ཏོག་དབྱིབས་འགོག་ཁག་བཟོ་བསྐྲུན་ཁང་ཚོས་ཚན་རིག་དང་། ཡང་བསྒོས་སྐྱེ་དངོས་ཚན་རིག་གི་ཐབས་ཇུས་དང་རིག་པ་ཇི་འདྲ་ཞིག་ལ་བརྟེན་ནས་འགོག་ཁབ་དེ་བཟོ་སྦྱོར་བྱས་སམ།


དེ་ཡང་ད་བར་འཛམ་གླིང་ནང་ཏོག་དབྱིབས་འགོག་ཁབ་མངོན་ཐོན་དུ་འགྱུར་བ་ཁ་ཤས་ཡོད་པ་ཚོས་སོ་སོའི་སྐྱེ་དངོས་ཚན་རིག་གི་ཐབས་ཇུས་འདྲ་མིན་ཚོད་བལྟ་བརྒྱུད་འགོག་ཁབ་དེ་བཟོ་བསྐྲུན་བྱེད་ཡོད། 


༡། Oxford-AsterZeneca/ Pune serum Institution ནས་བཟོ་བསྐྲུན་བྱས་པའི་ཏོག་དབྱིབས་འགོག་ཁབ་ COVISHIELD དེ་རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས་(Adenovirus vector) བེད་སྤྱད་དེ་འགོག་ཁབ་བཟོ་བསྐྲུན་བྱས་ཡོད། 


རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས། Adenovirus vector

རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས་ནི་ནུ་གསོས་སྲོག་ཆགས་ཀྱི་ཕྲ་ཕུང་དུ་རྒྱུས་མེད་ཀྱི་འཚོ་རླུང་བྲལ་བའི་མངར་ལྡན་ཉིང་སྐྱུར་(Foreign deoxyribonucleic acid)སྐྱེལ་གཏོང་བྱེད་པའི་ཆེད་དུ་ཡོངས་གྲགས་སུ་བེད་སྤྱོད་བྱེད། འདི་ནི་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། རིགས་རྫས་གསོ་བཅོས་དང་འགོག་ཁབ་བམ་སྨན་ཁབ་(Vaccine)དུ་སྤྱོད་པའི་ལག་ཆ་གལ་ཆེན་ཞིག་ཡིན།




Oxford-AsterZeneca ལ་མཚོན་ན་རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས་བེད་སྤྱོད་བྱས་སྟེ་འགོག་ཁབ་བཟོ་བསྐྲུན་བྱེད་རྒྱུ་དེ་ནི་ཆེས་ཐོག་མ་དང་ཐབས་ཇུས་གསར་པ་ཞིག་མིན། ཏོག་དབྱིབས་ནད་དུག་མ་ཐོན་སྔོན་ནས་འཛམ་གླིང་ནང་མ་ལེ་རིཡའི་(Maleria)ནད་ཐོན་སྐབས་ཁོང་ཚོས་རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས་ལ་བརྟེན་ནས་སྨན་བཟོ་ཐབས་བྱས་ཀྱང་ལེགས་གྲུབ་མ་བྱུང་། དེ་རྗེས་ཨེ་བོ་ལ་(Ebola)ནད་དུག་ཐོན་སྐབས་ཡང་། ཅིམ་པན་ཛི་(Chimpanzee)ཆམ་ནད་ཀྱི་རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས་བེད་སྤྱོད་བྱས་ནས་འགོག་ཁབ་བཟོ་བསྐྲུན་བྱས་ཡོད་ཀྱང་། ནད་དུག་དེ་ཏོག་དབྱིབས་གཉན་རིམས་༡༩ ལྟ་བུ་གོ་ལ་ཡོངས་སུ་ཁྱབ་མེད་པར་བརྟེན། དེའི་འགོག་ཁབ་ཀྱང་དེ་ལྟར་དར་འཕེལ་བྱུང་མེད། གང་ལྟར་ཀྱང་མིའི་གཟུགས་པོའི་ཐོག་རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས་བེད་སྤྱོད་བྱེད་རྒྱུ་དེ་བརྟན་ཆ་ལྡན་ཞིང་ཉེན་ཁ་མེད་པ་ཞིག་ཡིན་འདུག


ཐེངས་འདིའི་ཏོག་དབྱིབས་གཉན་རིམས་༡༩ པའི་འགོག་ཁབ་བཟོ་སྐྲུན་བྱེད་ཕྱོགས་ཐད་ Oxford-AsterZeneca ནས་ཐོག་མར་ཏོག་དབྱིབས་གཉན་རིམས་༡༩ པའི་གཟུགས་ལ་ཞིབ་འཇུག་བྱས་སྟེ། གཟུགས་ཀྱི་ཕྱི་ངོས་སུ་ཚེར་མ་འདྲ་བའི་སྤྲི་རྫས་ཀྱིས་འཐུམ་ཡོད་པས། དེས་གཉན་སྲིན་དེའི་ཁྱད་ཆོས་གཙོ་བོ་འཛིན་བཞིན་ཡོད། ཁོང་ཚོས་ཚེར་མའི་འདྲ་བའི་སྤྲི་དཀར་གྱི་རིགས་རྫས་དེ་ཅིམ་པན་ཛིའི་ཆམ་ནད་(Chimp-flu)རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས་ནང་བཅུག་ཏེ། རྨེན་སྦྲེལ་གཉན་སྲིན་ཐེག་གཟུགས་དེ་འདྲེན་ཆས་ལྟ་བུར་བེད་སྤྱད་ནས་དེའི་ནང་ངོས་ཀྱི་རིགས་རྫས་དེ་གནས་པོའི་ཕྲ་ཕུང་(Host Cell) ནང་བཅུག་ཐུབ་པར་བྱེད། ནམ་ཞིག་རིགས་རྫས་དེ་གནས་པོའི་ཕྲ་ཕུང་ནང་ཞུགས་ཚེ། གནས་པོའི་ཕྲ་ཕུང་ནང་གི་རེ་སྦོ་ཕྲ་གཟུགས་(Ribosome) རམ་འདེགས་བརྒྱུད་ཚེར་མ་འདྲ་བའི་སྤྲི་དཀར་རིགས་རྫས་ཀྱིས་གནས་པོའི་ཕྲ་ཕུང་གི་ཕྱི་ངོས་སུ་ཚེར་མའི་སྤྲི་རྫས་ཀྱི་ཁྱད་ཆོས་མངོན་པར་བྱེད་པ་དང་། གཟུགས་པོའི་འགོག་གཟུགས་མ་ལག་གིས་དེའི་ཐོག་འགོག་གཟུགས་སྐྱེད་རྫས་སྐུལ་བཏང་བྱས་སྟེ། འགོག་གཟུགས་མ་ལག་གི་སྔ་ས་ནས་ཕྱིའི་རྫས་རྣམས་འགོག་པར་བྱེད་ཆེད། ཕྱི་རྫས་དེ་དག་ལ་རྒྱུས་ལོན་དང་གདོང་ལེན་བྱ་ཐབས་ཀྱི་གྲ་སྒྲིག་སྔོན་ཚུད་ནས་བྱེད་ཐུབ། དེར་བརྟེན་Oxford-AsterZeneca ནས་གོང་གསལ་ཐབས་ཇུས་དེ་ལྟར་བེད་སྤྱད་དེ་ཏོག་དབྱིབས་གཉན་རིམས་༡༩ པའི་འགོག་ཁབ་COVISHIELDདེ་འཆར་བཀོད་དང་བཟོ་སྐྲུན་བྱས་ཡོད། 


༢། Bharat Biotech (Covaxin) 

  • Bharat Biotech (Covaxin) ནས་སྲོལ་རྒྱུན་གྱི་སྨན་ཁབ་བཟོ་ཐབས་བེད་སྤྱད་ཡོད། དེ་ཡང། གཉན་སྲིན་གང་ཞིག་ནུས་མེད་དུ་བཟོས་ནས་དེ་ཉིད་གཟུགས་པོའི་ནང་བཅུག་པས། གཟུགས་པོའི་ནད་འགོག་མ་ལག་གིས་སྔོན་ཚུད་ནས་འགོག་ཐབས་གདོང་ལེན་གྲ་སྒྲིག་བྱེད་ཐུབ་པར་གྱུར། འོན་ཀྱང་ Bharat Biotech ནས་ད་བར་ཏོག་དབྱིབས་གཉན་སྲིན་གྱི་འགོག་ཁབ་བཟོ་སྐབས་ཐབས་ཇུས་དང་། ཞིབ་འཇུག ཚོད་ལྟ་རིམ་པ་ཁག་བཅས་ཀྱི་ཞིབ་ཕྲའི་གནད་དོན་རྣམས་ཡོངས་གྲགས་སུ་གསལ་སྟོན་བྱས་མེད།
  • མ་ཟད་ཞིབ་འཇུག་ཚོད་ལྟ་རིམ་པ་གསུམ་པའི་ཐོག་འགྲོ་བཞིན་པའི་གནས་སྟངས་ཞིག་ཡིན།     










༣། Pfizer-Biontech /Moderna

Pfizer-Biontech དང་Modernaགཉིས་ནས་ཏོག་དབྱིབས་གཉན་སྲིན་༡༩ པའི་ཐོག་འགོག་ཁབ་བཟོ་ཕྱོགས་སྲོལ་རྒྱུན་དང་མི་འདྲ་བར། སྐྱེ་དངོས་ཚན་རིག་ནང་དེང་སྐབས་ཆེས་ཡར་ཐོན་ཅན་དང་དཔེ་གསར་ཅན་གྱི་ཐབས་ཇུས་ཤིག་བེད་སྤྱོད་བྱས་ཡོད། དེ་ནི་ཁོང་ཚོས་mRNA-messanger RNA/བང་ཆེན་ཨར་ཨེན་ཨེ་བཀོལ་སྤྱོད་བཏང་ཏེ་འགོག་ཁབ་བཟོས་པ་ཞིག་ཡིན། 

mRNA-messanger RNA/བང་ཆེན་ཨར་ཨེན་ཨེ།

སྤྲི་རྫས་སྦྱོར་གྲུབ་ཀྱི་དཔེ་གཞི་ལྟ་བུའི་བྱ་བ་བྱེད་པའི་ཉག་མ་རྐྱང་ལྡན་གྱི་ཨར་ཨེན་ཨེ་ལ་(Single-stranded RNA)གོ་ཞིང་། ཕབ་བཤུ་(Transcription)ལ་བརྟེན་ནས་ཌི་ཨེན་ཨེ་དེ་ཨར་ཨེན་ཨེ་ལ་འདྲ་བཤུས་(Translation)བྱེད་པ་དང་། དེ་ལས་གྲུབ་པའི་ཨར་ཨེན་ཨེ་འདུས་རྡུལ་ལས་སྣོན་བྱས་ཏེ་བང་ཆེན་ཨར་ཨེན་ཨེ་mRNAགྲུབ་ཀྱི་ཡོད། དེ་ནི་རེེ་སྦོ་ཕྲ་གཟུགས་(Ribosome)ཀྱིས་བརྡ་སྒྲིག་བྱེད་པ་དང་སྤྲི་རྫས་སུ་ཕབ་སྒྱུར་(Translation)བྱེད་ཀྱི་ཡོད།


 

 



Pfizer-Biontech དང་Modernaགཉིས་ཀྱིས་ཏོག་དབྱིབས་གཉན་རིམས་༡༩ པའི་གཟུགས་ཚེར་མ་ལྟ་བུའི་སྤྲིན་རྫས་ཀྱིས་འཐུམ་པའི་དམིགས་གསལ་ཁྱད་ཆོས་ཅན་གྱི་རིགས་རྫས་དེ་ཕབ་བཤུ་ལ་བརྟེན་ནས་ཌི་ཨེན་ཨེ་དེ་ཨར་ཨེན་ཨེ་ལ་འདྲ་བཤུས་བྱེད་པ་དང་། དེ་ལས་གྲུབ་པའི་ཨར་ཨེན་ཨེ་འདུས་རྡུལ་ལས་སྣོན་བྱས་ཏེ་བང་ཆེན་ཨར་ཨེན་ཨེ་mRNAགྲུབ་པ་དེ་ལི་ཚིལ་ཐེར་རྡུལ་ཅན་(Lipid nano particles)ནང་བཅུག་སྟེ། གནས་པོའི་ཕྲ་ཕུང་ཐོག་སྦྱར་ནས་བང་ཆེན་ཨར་ཨེན་ཨེ་དེ་གནས་པོའི་ཕྲ་ཕུང་ནང་ཞུགས་ཐུབ་པར་བྱུུང་། ནམ་ཞིག་བང་ཆེན་ཨར་ཨེན་ཨེ་དེ་གནས་པོའི་ཕྲ་ཕུང་ནང་བཞུགས་ནས། གནས་པོའི་ཕྲ་ཕུང་ནང་གི་རེ་སྦོ་ཕྲ་གཟུགས་(Ribosome) རམ་འདེགས་བརྒྱུད་ཚེར་མ་འདྲ་བའི་སྤྲི་དཀར་རིགས་རྫས་ཀྱིས་གནས་པོའི་ཕྲ་ཕུང་གི་ཕྱི་ངོས་སུ་ཚེར་མའི་སྤྲི་རྫས་ཀྱི་ཁྱད་ཆོས་མངོན་པར་བྱེད་པས། གཟུགས་པོའི་འགོག་གཟུགས་མ་ལག་གིས་དེ་དག་ལ་སྔོན་ཚུད་ནས་རྒོལ་ལན་སྤྲོད་ཐུབ། དེར་བརྟེན་དེ་ལྟ་བུའི་ཐབས་ཇུས་ལ་གཞིགས་ནས་མཐར་འགོག་ཁབ་བཟོ་སྦྱོར་བྱས་ཐུབ་པ་བྱུང་ཡོད། 



ཡར་ཐོན་སོང་བའི་ཏོག་དབྱིབས་གཉན་རིམ་༡༩ པའི་འགོག་ཁབ་ཁག་དབར་ཕན་ནུས་དང་། ཉར་འཇོག་བྱེད་སྟངས། ཁྲོམ་རྭའི་ནང་རིན་བབ་ག་ཚོད་གནས་མིན་བཅས་ཀྱི་ཐད་ལ་ཞིབ་བསྡུར་ལ་གཞིགས་ན། 

ཨ་རི་དང་། ཨིན་ཇི། ཁེ་ན་ཀྲ། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་ནས་ Pfizer-Biontech /Moderna གཉིས་ལ་གྲངས་འབོར་མང་པོ་སྔོན་མངགས་བྱས་སྟེ། རྒྱལ་ཁབ་སོ་སོའི་མི་མང་རྣམས་ལ་དགོས་ངེས་གལ་ཆེན་རིམ་པ་བཞིན་འགོག་ཁབ་རྒྱབ་འགོ་འཚུགས་ཡོད། འོན་ཀྱང་། འགོག་ཁབ་དེ་གཉིས་ཨེ་ཤི་ཡ་དང་། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག  དེ་བཞིན་ཨཕ་རི་ཀའི་རྒྱལ་ཁབ་ཁག་བཅས་རྣམས་ཀྱིས་སྔོན་མངགས་བྱས་མེད་ལ། དངོས་སུ་ཛ་དྲག་བཀོལ་སྤྱོད་ཆེད་དུ་ལའང་བེད་སྤྱོད་བྱས་མེད། དེའི་རྒྱུ་མཚན་གཙོ་བོ་གཉིས་ལ་རག་ལུས་ཡོད། དེ་ཡང་། དང་ཐོག་གོང་གསལ་འགོག་ཁབ་གཉིས་པོ་ནི་རིན་བབ་ཆ་ནས་གོང་ཚད་མཐོ་བ་ཡོད། Modernaལ་ཨ་སྒོར་༣༣ དང་ Pfizer-Biontech ལ་ཨ་སྒོར་༢༠ ཡིན་པས། འཛམ་གླིང་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་། རྒྱལ་ཁབ་སྐྱོ་བ་ཚོས་སོ་སོའི་མི་སེར་ཡོངས་ལ་མཁོ་སྤྲོད་བྱེད་རྒྱུའི་གནས་སྟངས་ཤིག་མེད། དེ་ནས་རྒྱུ་མཚན་གཞན་ནི་འགོག་སྨན་དེ་གཉིས་མི་མང་ལ་མ་རྒྱབ་སྔོན་ལ་སྨན་ཁང་ནང་ཉར་འཇོག་བྱེད་རྒྱུར་གྲང་ཚད་-200cདང་-70༠c ལྡན་པའི་འཁྱག་སྒམ་གྱི་ཐུན་རྐྱེན་དགོས་པས། རྒྱལ་ཁབ་སྐྱོ་བ་ཁག་ལ་དེ་ལྟར་ཐུན་རྐྱེན་ལྡན་མེད། དེར་བརྟེན་ Pfizer-Biontech /Moderna འགོག་ཁབ་དེ་གཉིས་འབྱོར་ལྡན་ཅན་གྱི་རྒྱལ་ཁབ་ཚོས་མ་གཏོགས་ཉོ་ཐུབ་ཀྱི་མེད། 

ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་། རྒྱལ་ཁབ་སྐྱོ་བ་ཚོས་རྒྱ་གར་ནས་ཐོན་པའི་COVISHEILDདང་COVAXIN གཉིས་ལ་རེ་བ་བཅོལ་བཞིན་ཡོད། རྒྱུ་མཚན་ནི་གཅིག་ནས་རྒྱ་གར་གྱི་འགོག་ཁབ་དེ་ཨ་སྒོར་༤ ཙམ་གྱི་རིན་བབ་དམའ་བ་དང་། གཉིས་ནས་འགོག་ཁབ་དེ་གཉིས་སྨན་ཁང་ནང་རྒྱུན་ལྡན་འཁྱག་སྒམ་གི་གྲང་ཚད་ཐོག་ཉར་འཇོག་བྱེད་ཐུབ་པའི་དམིགས་བསལ་ཁྱད་ཆོས་ལྡན་ཡོད་པས། རིན་གོང་དམའ་ལ་ཉར་འཇོག་བདེ་བའི་འགོག་ཁབ་དེ་ལྟ་བུ་ནི་རྒྱལ་ཁབ་སྐྱོ་བ་ཚོར་དངོས་གནས་དུས་ཐོག་ཆར་པ་བབས་པ་ལྟ་བུ་ཞིག་ཡིན། དེར་བརྟེན་རྒྱ་གར་རྒྱལ་ཁབ་ནས་ཀྱང་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་མང་པོར་ཛ་དྲག་བཀོལ་སྤྱོད་ཆེད་འགོག་ཁབ་ས་ཡ་མང་པོ་རིན་མེད་ཐོག་སྦྱིན་ཡོད། 



གཤམ་གྱི་རེའུ་མིག་བརྒྱུད་ནས་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམ་༡༩ པར་འགོག་ཁབ་འདྲ་མིན་ཐོན་པ་ཁག་དབར་ཁྱད་པར་ཕྱེས་ཐུབ་ངེས་ཡིན།


ཏོག་དབྱིབས་གཉན་རིམས་༡༩ པའི་འགོག་ཁབ་མི་འདྲ་བ་རྣམས་རིམ་པ་བཞིན་ཐོན་བཞིན་ཡོད་པ་དང་། མི་རྣམས་ཀྱིས་ཆེས་ཐོག་མའི་གལ་ཆེན་རྩི་ས་ནི། འགོག་ཁབ་ཀྱི་བརྟན་ཆ་ཇི་འདྲ་ཞིག་ཡིན་མིན་དང་། འགོག་ཁབ་ཀྱི་ཕན་ནུས་བརྒྱ་ཆ་ག་ཚོད་ཙམ་ཡིན་མིན་བཅས་དེ་གཉིས་པོར་ཐོག་མའི་དོ་སྣང་དང་ཡིད་གཟབ་བྱེད་ཡུལ་ཞིག་ཡིན། 

གང་ལྟར་ཀྱང་གོང་འཁོད་འགོག་ཁབ་རྣམས་རྒྱལ་ཁབ་འགའ་ཤས་ནང་ཛ་དྲག་གི་བཀོལ་སྤྱོད་བཀའ་འཁྲོལ་འོག་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ད་དུང་ཡང་འཛམ་གླིང་ནང་འགོག་ཁབ་བཟོ་བསྐྲུན་ཁང་མང་པོས་ཏོག་དབྱིབས་གཉན་རིམས་༡༩ པའི་ཐོག་འགོག་ཁབ་བཟོ་སྐྲུན་བྱེད་རྒྱུར་འབད་བརྩོལ་ལྷད་མེད་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་ཚན་རིག་ལ་ཡིད་ཆེས་བྱེད་རྒྱུ་དང་། བློ་གཏད་བཅོལ་རྒྱུ་ནི་འོས་ཤིང་འཚམ་པ་ཞིག་ཡིན། ཚན་རིག་པའི་ཞིབ་ཚགས་ཀྱི་ཉམས་ཞིབ་དང་། ཚོད་ལྟ་རིམ་མང་པོའི་སྤེལ་བའི་ཐུགས་རྗེའི་ལེགས་སྐྱེས་ལ་བརྟེན་ནས་ད་ཆ་གཞི་ནས་འཛམ་གླིང་ཐོག་ཏོག་དབྱིབས་གཉན་རིམས་༡༩ པ་དེར་འགོག་ལེན་དང་ནད་ཡམས་དེ་ལས་གྲོལ་བའི་ལམ་བུ་ཕྲ་མོ་ཞིག་ཕྱེས་ཀྱང་། མི་རེ་འགས་བརྟག་དཔྱད་མ་བྱས་པར། སྤྱི་ཚོགས་ནང་གི་འཆལ་གཏམ་འདྲ་མིན་ལ་ཡིད་ཆེས་ཏེ། དངོས་སུ་ཏོག་དབྱིབས་འགོག་ཁབ་རྒྱབ་རྒྱུར་ཐེ་ཚོམ་བྱེད་བཞིན། འགོག་ཁབ་རྒྱབ་རྗེས་ཟུར་ཕོག་འདྲ་མིན་ཡོང་ཚུལ་ལ་ཞེད་སྣང་བྱེད་བཞིན་པའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་ཡོད་པས། དེ་ལྟར་གཏན་ནས་བྱེད་རྒྱུ་མེད། དེ་ལས་རང་ཉིད་ལ་འགོག་ཁབ་མ་རྒྱབ་བར་ཁ་རས་ངེས་པར་གོན་དགོས་པ་དང་། ལག་པ་གཙང་བསེལ་བྱེད་རྒྱུ་བཅས་ཀྱི་ཐོག་མུ་མཐུད་ནས་འབད་བརྩོན་བྱེད་རྒྱུ་གལ་ཆེའོ། །



འཕྲིན་ལས་དབང་འདུས་ནས། 

བོད་ཀྱི་དཔེ་མཛོད་ཁང་།

ཚན་རིག་སྡེ་ཚན།


Post a Comment

Previous Post Next Post