ཚེ་སྲོག་གི་ཁྱད་ཆོས་གཙོ་བོ་གཅིག་ནི་སྐྱེད་སྤེལ་གྱི་ནུས་པ་དེ་ཡིན། དེ་ཡང་། སྐྱེ་དངོས་རྣམས་རང་གི་རིགས་མཐུན་པ་ལས་སྐྱེ་དགོས་ཤིང་། དཔེར་ན།   ཐང་ཤིང་ལས་ཐང་ཤིང་ཁོ་ན་སྐྱེ་ཞིང་། ཁྱི་ལས་ཁྱི་ཕྲུག་ཁོ་ན་སྐྱེ། དེར་མ་ཟད་བུ་རྒྱུད་རྣམས་རང་དང་རྒྱང་ཐག་རིང་བའི་ཉེ་རིགས་གཅིག་པའི་སྲོག་ཆགས་ལས་རང་གི་ཕ་མ་དང་འདྲ་ཤས་ཆེ་བ་ཡོང་གི་ཡོད། སྐྱེ་རབས་གཅིག་ནས་སྐྱེ་རབས་གཞན་དུ་ཁྱད་གཤིས་རྒྱུད་གཏོང་བྱེད་པའི་ངང་ཚུལ་ལ་རྒྱུད་དེད་རང་བཞིན་  (Heredity)  ཟེར། ཁྱད་གཤིས་འདྲ་པོ་མང་པོ་ཞིག་ཕ་མ་ལས་བུ་ཕྲུག་ལ་བྱུང་ཡང་། བུ་རྒྱུད་རྣམས་རང་གི་ཕ་མ་དང་སྒོ་དུ་མ་ནས་མི་འདྲ་བའང་ཡོད། དེ་ལ་འགྱུར་ཁྱད་ (Variation) ཟེར། རྒྱུད་དེད་རང་བཞིན་དང་འགྱུར་ཁྱད་ཀྱི་ངང་ཚུལ་རྣམས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་མིས་ཤེས་ཤིང་། དུད་འགྲོ་སེམས་ཅན་དང་རྩི་ཤིང་འདྲ་མིན་གྱི་རིགས་རྒྱུད་སྤེལ་བར་བཀོལ་སྤྱོད་ཀྱང་བྱས་ཡོད། འོན་ཀྱང་དེ་གཉིས་ཀྱི་ལས་ཚུལ་གང་འདྲ་ཡིན་པ་དུས་རབས་ཉི་ཤུའི་ནང་རིགས་རྫས་རིག་པ་དར་ནས་བཟུང་ཤེས་འགོ་ཚུགས་ཡོད། 


སྐུ་ཞབས་མེན་ཌེལ་གྱི་སྔོན་ལ་མི་ཚོས་རྒྱུད་འདེད་རང་བཞིན་ནི་བསྲེ་སྦྱོར་ (Blending) གྱི་ཁྱད་གཤིས་ཤིག་ལ་ངོས་འཛིན་བཞིན་ཡོད།



འོན་ཀྱང་དེ་ལྟར་མ་ཡིན་པར། རྒྱུད་འདེད་བྱེད་རིམ་སྐབས་ཁྱད་གཤིས་འགའ་རེ་སྐྱེ་རབས་གཅིག་ལ་མངོན་མ་ཐུབ་ཀྱང་། སྐྱེ་རབས་ཕྱི་མའི་ནང་མངོན་པ་བྱུང་གི་ཡོད་པས། སྔར་མི་ཚོས་རྒྱུད་འདེེད་བྱེད་རིམ་ཐོག་འཛིན་པའི་བསམ་བློ་དེར་ཕྱོགས་ཡོངས་ནས་འགྱུར།




སྐུ་ཞབས་མེན་ཌེལ་གྱི་ཐོག་མའི་དཔྱད་ཞིབ་ལས་རྒྱུད་འདེད་བྱེད་རིམ་ནི་རྐྱེན་ཁེར་ཚུགས་ཅན་ཞིག་གི་རྒྱུད་འཛིན་ལ་རགས་ལུས་ཡོད་པ་དང་། ཕྱིས་སུ་རྒྱུད་འཛིན་གྱི་རྐྱེན་དེར་རིགས་རྫས་ཅེས་ཡོངས་གྲགས་སུ་འབོད།



མེན་ཌེལ་གྱིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་སྲན་མའི་སྟེང་རྒྱུད་འདེད་རང་བཞིན་ཐོག་ཉམས་ཞིབ་གནང་ཡོད་པ་དང་།དེའི་སྐབས་ཁོང་གིས་ཚོས་ཕུང་ Chromosome དང་དེའི་བྱེད་ལས། དེ་བཞིན་སྐྱེ་ཕུང་བཞི་གྱེས་ Meiosis བཅས་ཀྱི་ལས་ཚུལ་ཤེས་ཀྱི་མེད། 




སྐྱེ་དངོས་ཀྱི་རྒྱུད་འདེད་རང་བཞིན་སྐོར་ལོ་ངོ་སྟོང་ཕྲག་སྔོན་ནས་ཤེས་བཞིན་ཡོད་ཀྱང་། དོན་དངོས་ཀྱི་རྒྱུད་འདེད་བྱུང་ཚུལ་གང་འདྲ་ཞིག་ཡིན་མིན་ཐད་སྤྱི་ལོ་༡༨༦༦ ལོར་མེན་ཌེལ་གྱི་བརྟག་དཔྱད་རིམ་པ་མང་པོ་བརྒྱུད་ནས་སྤེལ་བའི་དཔྱད་གཞི་ཁག་ནས་རིགས་རྫས་རིག་པའི་རྨང་གཞི་ཚུགས། 

མེན་ཌེལ་གྱི་ལས་ཀ་དང་དཔྱད་གཞི་མང་པོ་ཞིག་དུས་རབས་ཉི་ཤུ་ཟིན་ནས་མ་གཏོགས་མངོན་འགྱུར་དུ་བྱུང་མེད། འོན་ཀྱང་མཐའ་འཇུག་གི་གྲུབ་འབྲས་སུ་རྒྱུད་འདེད་ཀྱི་རྐྱེན་ཁྱད་པར་ཅན་ལ་བརྟེན་ནས་རིགས་རྫས་རིག་པ་གསར་འཛུགས་བྱུང་།  དུས་དེ་ནས་བཟུང་རིགས་རྫས་དེ་ཉིད་ཚོས་ཕུང་གི་དུམ་བུ་ཞིག་རང་གི་བུ་རྒྱུད་དེད་དེ་ཁྱད་གཞི་སྟངས་འཛིན་བྱེད་ཕྱོགས་ཐད་བློ་ཁ་ཡོངས་སུ་གསལ།

མེན་ཌེལ་གྱིས་ཐོག་མར་ལྡུམ་རའི་སྲན་མ་པྰའི་སམ་ ས་ཨེ་ཊིཝམ་ (Pisum sativum) ཐོག་རྒྱུད་འདེད་རང་བཞིན་སྦྱོང་སྐབས་ཚོས་ཕུང་དང་དེའི་བྱེད་ལས། དེ་བཞིན་སྐྱེད་ཕུང་བཞི་གྱེས་བཅས་ཀྱི་ལས་ཚུལ་ཤེས་ཀྱི་མེད་ནའང། ཁོང་གིས་རྒྱུད་འདེད་རྩི་གཞི་ཁྱད་པར་ཅན་དང་ཁམས་རྡུལ་ཆགས་རིམ་གྱི་ལས་ཚུལ་བཅས་ལ་སྔོན་དཔག་དང་གཏན་འབེབས་གནང་། དེ་ནས་བཟུང་ཞིབ་འཇུག་པས་ཕྲ་ཕུང་གི་དཔྱད་གཞི་དང་། སྐྱེད་ཕུང་བཞི་གྱེས་སྐབས་ཚོས་ཕུང་གི་ལས་ཚུལ་དང་། མེན་ཌེལ་གྱི་རྒྱུད་འདེད་རང་བཞིན་གྱི་རྩ་དོན་དབར་འགྲེལ་བ་བརྟགས་ཐུབ་པ་གྱུར། དེ་དག་ཐུན་མོང་གི་འགྲེལ་བ་ངོས་འཛིན་པ་ནས་བཟུང་། ཕ་མེས་ནས་བུ་ཕྲུག་ལ་རིགས་རྫས་རྒྱུད་འདེད་ཇི་ལྟར་བྱེད་ཕྱོགས་ཐོག་སློབ་སྐབས་མེན་ཌེལ་གྱིས་གསལ་སྟོན་བྱས་པའི་དཔྱད་གཞི་ཁག་གཞི་རྩར་འཛིན་གྱི་ཡོད།




སྐུ་ཞབས་སྒེ་རེ་སྒོ་མེན་ཌེལ།

ཚན་རིག་པ་སྐུ་ཞབས་མེན་ཌེལ་ལགས་ནི་ད་ལྟ་འཛམ་གླིང་ཐོག་ཡོངས་གྲགས་པའི་སྐྱེ་དངོས་ཚན་རིག་ནང་རིགས་རྫས་རྣམ་གཞག་གི་ཤིང་རྟའི་སྲོལ་འབྱེད་མཁན་ཞིག་ཡིན། ཁོང་སྤྱི་ལོ་༡༨༢༢ ཟླ་ ༠༧ ཚེས་༢༠ ལོར་ཡུ་རོབ་དཀྱིལ་མའི་གྲོང་གསེབ། ཨོ་སི་ཊྲི་ཡ་རྒྱལ་ཁབ་མངའ་ཁོངས་དང་། ད་ཆ་ཆིག་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ས་གནས་ཧེན་ཛེན་ཌོབ་ Heinzendrof  དུ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། ཁོང་སློབ་གྲྭའི་སྐབས་སློབ་ཕྲུག་རྩེ་ཕུད་ཞིག་ཡིན་པ་དང་། ཁོང་གིས་གཞུང་ལུགས་ཁག་ལ་ལོ་མང་རིང་སློབ་སྦྱོང་གནང་། དེ་རྗེས་ ༡༨༤༣ལོར་ས་གནས་སྦར་ནོ་ Brno ཡོད་པའི་སེནཊ་ཐོ་མྰསིའི་ཨོ་གྷསེ་ཊིནྱེན་ Augustinian monastry of St.Thomas  དགོན་པར་བཞུགས་ཏེ་གྷེརེགྷོར་མེན་ཌེལ་ (Gregor Mendel) ཞེས་རབ་བྱུང་གི་ཆོས་མིང་ཐོབ།  ༡༨༥༡ ནས་ ༡༨༥༣ བར་ཝིཡ་ན་ Vienna གཙུག་ལག་སློབ་གཉེར་ཁང་དུ་དངོས་ཁམས་རིག་པ་དང་རྩི་ཤིང་རིག་པའི་ཐོག་སློབ་གཉེར་གནང་། དེ་རྗེས་ ༡༨༥༤ ལོར་སྦར་ནོར་ཕྱིར་འཁོར་སྟེ་ལོ་ངོ་ ༡༦ ལྷག་ཙམ་རིང་དངོས་ཁམས་དང་རྩི་ཤིང་གི་ཐོག་སློབ་འཁྲིད་གནང་ནས་བཞུགས། དགོན་པ་ནས་མེན་ཌེལ་གྱི་སློབ་གཉེར་དང་ཉམས་ཞིབ་ཐད་མཐུན་འགྱུར་དང་རོགས་སྐྱོར་གང་མང་ཐོབ། ༡༨༦༨ ལོར་ཁོང་དགོན་པའི་མཁན་པོ་བསྐོ་གཞག་རྩལ་བ་དང་། དེ་བར་ཉམས་ཞིབ་མུ་མཐུད་ནས་གནང་ཡོད། ༡༨༨༤ ལོར་ཁོང་མཁལ་མའི་སྙུང་གཞིས་རྐྱེན་པས་སྐུ་འདས་གྲོངས་སུ་གྱུར། 


མེན་ཌེལ་དཔྱད་གཞིར་ལམ་ལྷོང་བྱུང་དོན།

སྐུ་ཞབས་མེན་ཌེལ་ལགས་ནི་རིགས་རྫས་རིག་པའི་ནང་བརྟག་དཔྱད་དང་ཚད་འཇལ་གྱི་ཐབས་ལམ་བཀོལ་མཁན་ཞིག་ཡིན་པ་དང་། མ་ཟད་ཁོང་གིས་རྒྱུད་འདེད་རང་བཞིན་གྱི་རྩ་དོན་རྣམས་ཀྱང་གཏན་ལ་ཕབས་གནང་མཛད་ཡོད། ཁོང་གི་དཔྱད་གཞི་རྣམས་ལ་གྲུབ་འབྲས་གཟེངས་ཐོན་བྱུང་དགོས་དོན་ནི་རྒྱུ་མཚན་ཁ་ཤས་ལ་ཐུག་ཡོད། དེ་ཡང་ཐོག་མར་ཁོང་གིས་སྲན་མ་བདམས་དགོས་པའི་རྒྱུ་མཚན་ནི་སྲན་མ་ལ་འགྱུར་ཁྱད་ཆེ་བ་ཡོད་པ་དང་། སྐྱེ་སླ་བ། བཅོས་མའི་ངང་རིགས་བསྲེས་བྱེད་ཐུབ་པ། སྲན་མ་དེ་ཡང་རང་བྱུང་ཁམས་སུ་རང་ཁོངས་ཀྱིས་འདྲེས་སྦྱོར་བྱེད་ཐུབ་པ། རིགས་རྒྱུད་བསྲེ་སྦྱོར་ཚོད་ལྟ་བྱེད་བདེ་བ། མ་ཟད་ནམ་དུས་གཅིག་གི་ནང་སྲན་མ་དེ་སྐྱེ་འཕེལ་དང་འཚར་ལོངས་བྱེད་ཐུབ་ཀྱི་ཡོད། 

མེན་ཌེལ་གྱིས་མངོན་པར་གསལ་བའི་སྲན་མའི་ཐུན་མིན་གྱི་ཁྱད་ཆོས་བདུན་ལ་གཞི་བཅོལ་བ་དང་། ཁྱད་ཆོས་རེ་རེས་མི་མཐུན་པའི་ཁྱད་གཤིས་གཉིས་རེ་མཚོན་ཐུབ། དཔེར་ན། སྲན་མ་སྡོང་པོའི་རིང་ཚད་ལ་གཞིགས་ན། ཁོང་གིས་སྡོང་པོ་རིང་བ་དང་ཐུང་བ་བཅས་ཁྱད་གཤིས་གཉིས་ཐོག་ལྟ་ཞིབ་བྱས། དེ་བཞིན་ཁོང་གིས་སྲན་མའི་སོན་དབྱིབས་དང་ཁ་དོག པགས་པའི་དབྱིབས་དང་ཁ་དོག སྲན་མ་མེ་ཏོག་གི་ཚོས་གཞི་དང་བབ་གནས་བཅས་ཐུན་མིན་གྱི་ཁྱད་ཆོས་གཞན་དྲུག་འདེམས་སྒྲུག་བྱས།  







སྲན་མ་ཕུད་པའི་གནད་དོན་གཞན་ཁ་ཤས་ཀྱིས་ཀྱང་མེན་ཌེལ་དཔྱད་ཞིབ་ཁག་ལ་ལམ་ལྷོང་བྱུང་ཡོད། དཔེར་ན། ཁོང་གིས་བརྟག་དཔྱད་གནང་སྐབས་ལྟ་ཞིབ་རེ་རེའི་ནང་མི་མཐུན་པའི་ཁྱད་ཆོས་གཅིག་གམ་ཁ་ཤས་མ་གཏོགས་བཀོལ་སྤྱོད་མི་བྱེད་པའི་ཚད་བཀག་གནང་གི་ཡོད། དེ་བཞིན་རིགས་རྫས་དཔྱད་ཞིབ་ལ་དགོས་ངེས་ལྟར། ཁོང་གིས་གྲངས་འབོར་ཏག་ཏག་ལ་ཚད་བཟུང་བར་བྱས་ཡོད། མེན་ཌེལ་གྱི་དཔྱད་ཞིའི་གནས་བསྡུས་བརྒྱུད། ཁོང་གིས་བཤད་པའི་ཚོད་བཞག་དེ་དག་ཕྱིས་སུ་རིགས་རྫས་བརྒྱུད་གཏོང་གི་ (Transmission genetics) རྩ་དོན་དུ་གྱུར་ཡོད།

སྐུ་ཞབས་མེན་ཌེལ་གྱི་རིགས་རྫས་རྒྱུས་འདེད་ཐོག་བཤད་པའི་ཚོད་བཞག་རྣམས་ཁོང་གྲོངས་ནས་དུས་རབས་ཉི་ཤུ་མ་ཟིན་བར་མངོན་ཐོན་དུ་འགྱུར་མེད། ཕྱིས་སུ་རིགས་རྫས་སྨྲ་བ་རྣམས་ཀྱིས་ཚོས་ཕུང་གི་ཁྱད་ཆོས་དང་བྱེད་ལས་ཐད་ཉམས་ཞིབ་བྱེད་སྐབས་སྔར་སྐུ་ཞབས་མེན་ཌེལ་གྱི་དཔྱད་ཞིའི་ཚོད་བཞག་རྣམས་བསྐྱར་རྙེད་བྱུང་སྟེ། དེ་དག་དེང་སྐབས་རིགས་རྫས་བརྒྱུད་གཏོང་གི་དཔྱད་གཞིའི་རྨང་གཞིར་གྱུར་བ་དང་། ཁོང་ནི་དེེང་རབས་ཀྱི་རིགས་རྫས་རིག་པའི་ཡབ་ཆེན་དུ་གྲགས།

རིགས་རྫས་སྨྲ་བ་རྣམས་ཀྱིས་རྒྱུད་འདེད་ཐུབ་པའི་ཡོན་ཏན་ཞིག་ལ་ཁྱད་ཆོས་ (Characteristic) དང་། དེའི་ནང་གི་འགྱུར་ཁྱད་མི་འདྲ་བ་རྣམས་ལ་ཁྱད་གཤིས་ (Trait) ཞེས་པའི་ཐ་སྙད་འདོགས་ཀྱི་ཡོད། དཔེར་ན། མེ་ཏོག་ཁ་དོག་དེ་ཁྱད་ཆོས་དང་། མུ་རྨེན་དང་དཀར་པོ་ལྟ་བུ་ནི་ཁྱད་གཤིས་ཡིན། ཁྱད་ཆོས་ངེས་པར་བྱེད་པའི་རྒྱུད་འདེད་རུང་བའི་རྫས་ལ་རིགས་རྫས་དང་། རིགས་རྫས་དེ་ཉིད་ཀྱི་ཆ་མི་འདྲ་བ་ལ་ཨེ་ལིལ་ Allele ཞེས་ཟེར། (ཨེ་ལིལ་ནི་རིགས་རྫས་ཤིག་གི་མངོན་རྣམ་གང་ཡང་རུང་བ་ཞིག་གམ། ཁུངས་མཐུན་པའི་ཌི་ཨེན་ཨེ་ཡི་བསྟར་རིམ་གཞན་གང་ཡང་ཞིག) དཔེར་ན། སྲན་མའི་ཁ་དོག་ངེས་བྱེད་ཀྱི་རིགས་རྫས་དང་། ཁ་དོག་ནང་ནས་དཀར་པོ་དང་མུ་རྨེན་ངེས་བྱེད་ཀྱི་རིགས་རྫས་སོ་སོ་ནི་ཨེ་ལིལ་ཡིན། 


མེན་ཌེལ་གྱི་རིགས་རྫས་རྣམ་གཞག

མེན་ཌེལ་ལ་ཉེ་འཁོར་སོན་ཚོང་མཁན་ནས་རིགས་རྒྱུན་དྭངས་མའི་སོན་ཞིག་ཐོབ་ཅིང་། དེ་ཡང་། རྩི་ཤིང་གིས་སྐྱེ་རབས་ནས་སྐྱེ་རབས་བར་རང་ཁོངས་འདྲེས་སྦྱོར་ Self fertilization  བྱས་རུང་། དེའི་ཁྱད་གཤིས་ལ་འགྱུར་བ་མེད་པར་གཏན་དུ་གཅིག་པར་མངོན་པའི་ཁྱད་ཆོས་ལྡན་ཡོད།



མེན་ཌེལ་གྱི་བརྟག་དཔྱད་རིམ་པ་དང་པོའི་ནང་ཁོང་གིས་རིགས་བསྲེས་རྐྱང་ལྡན་སྦྱོར་ཐབས་ (Monohybrid cross) ཀྱི་ཐབས་ལམ་བེད་སྤྱད་དེ། རིགས་རྫས་གཞན་ཚང་མ་གཅིག་མཚུངས་སུ་ཡོད་ལ་ཁ་དོག་དང་འབྲེལ་བའི་ཨེ་ལིལ་མི་འདྲ་བ་གཉིས་ཡོད་པའི་སྲན་མའི་རིགས་ལ་བརྟག་དཔྱད་བྱས་ཏེ་ཨེ་ལིལ་རྣམས་ཁམས་རྡུལ་སོ་སོར་གྱེས་ཚུལ་སྟོན་པའི་དབྱེ་འབྱེད་གཏན་ཁྲིམས་ (Law of segregation) གཏན་ལ་ཕབས། 

  • མེན་ཌེལ་གྱིས་ཁྱད་གཤིས་མི་འདྲ་བ་གཉིས་དང་ལྡན་པའི་སྲན་མ་གཉིས་ཁྱེར་ཏེ། དེ་གཉིས་ཕན་ཚུན་བསྲེ་སྦྱོར་བྱས། སྲན་མ་གཉིས་པོ་སྐྱེ་རབས་ནས་སྐྱེ་རབས་སུ་མེ་ཏོག་མུ་མེན་དང་གཞན་དེ་མེ་ཏོག་དཀར་པོ་འབའ་ཞིག་སྐྱེས་པས་དེ་དག་ནི་རིགས་རྫས་དྭངས་མའི་རྒྱུད་སྤེལ་ (True breeding ) གྱི་ཁྱད་གཤིས་ལྡན་པའི་སྲན་མའི་རིགས་ཤིག་ཡིན།
  • ཁོང་གིས་མེ་ཏོག་དཀར་པོ་ལས་ཟེ་རྡུལ་བླངས་ཏེ་མུ་མེན་གྱི་ཟེ་ཏོག་སྟེང་དུ་བཞག་ནས་ཟེའུ་འབྲུ་ཕན་ཚུན་བསྲེ་སྦྱོར་བྱས། དེ་ལས་སྲན་མའི་ས་བོན་གསར་པ་གྲུབ་པ་རྣམས་སླར་ཡང་བཏབ་ཏེ་སྲན་མའི་སྐྱེ་རབས་དང་པོ་སྐྱེད་སྤེལ་བྱས། སྐྱེ་རབས་དེ་ལ་བུ་རབས་ཞེས་ཟེར་ཞིང་། དབྱིན་ཡིག་ F1 ཡིས་བུ་རབས་ ༡ མཚོན་པར་བྱེད། དེའི་ནང་གི་ F ཡིས་བུ་རབས་ (filial) དང་། 1 ཡིས་དང་པོ་མཚོན། དེས་ན་བུ་རབས་གཉིས་པ་  F2 བྲིས་པ་ཡིན། 
  • མེ་ཏོག་དཀར་པོ་དང་མུ་མེན་ལྡན་པའི་སྲན་མའི་ཕ་མ་གཉིས་ཀྱི་ཟེའུ་འབྲུ་བསྲེ་སྦྱོར་བྱས་ཏེ་སྐྱེད་སྤེལ་བྱས་པའི་བུ་རབས་དང་པོ་ལ་མེ་ཏོག་དཀར་པོ་དང་མུ་མེན་འདྲེས་པའི་དམར་སྐྱའི་རིགས་ཤིག་སྐྱེ་དགོས་པ་བསམ་ཆོག་ཀྱང་། བུ་རབས་དང་པོ་ཐམས་ཅད་མེ་ཏོག་མུ་མེན་ཤ་སྟག་སྐྱེས། མེ་ཏོག་དཀར་པོའི་ནུས་པ་བུ་རབས་དང་པོའི་ནང་མངོན་མ་ཐུབ་པར་ལུས་པའམ་ཡང་ན་ཡལ་བ་ལྟ་བུ་གྱུར།
  • དེ་ནས་ཁོང་གིས་བུ་རབས་དང་པོའི་སྲན་མའི་མེ་ཏོག་གི་ཟེའུ་འབྲུ་དེ་རང་ཁོངས་ཟེགས་སྦྱོར་ Self Pollination བྱས་ཏེ་བུ་རབས་གཉིས་པ་སྐྱེས་པ་ན། དེ་ལས་མེ་ཏོག་དཀར་པོ་ལྡན་པའི་སྲན་མ་དང་མུ་མེན་ལྡན་པའི་སྲན་མ་གཉིས་ཀ་བྱུང་བ་མཐོང་། བུ་རབས་གཉིས་པའི་ཕ་མ་གཉིས་ཀ་མེ་ཏོག་མུ་མེན་ཅན་ཁོ་ན་ཡིན་པས་དེ་གཉིས་ཀྱི་འབྲས་བུ་ཐམས་ཅད་མུ་མེན་ཅན་འབའ་ཞིག་སྐྱེ་དགོས་པ་ང་ཚོས་བསམ་ཆོག་ཀྱང་། དེ་ལྟར་མིན་པར་དཀར་པོ་དང་མུ་མེན་གཉིས་ཀ་སྐྱེས་ཡོད། 

དེ་དེ་བཞིན་ཁོང་གིས་དཔྱད་གཞིའི་སྲན་མར་སོན་གྱི་དབྱིབས་དང་། ཁ་དོག སྲན་མའི་པགས་པ་བཅས་ལ་གོང་གསལ་བཞིན་བརྟག་དཔྱད་རིམ་པ་གནང་ནས་ཐམས་ཅད་ཀྱི་གྲུབ་དོན་གཅིག་མཚུངས་ཡིན་པ་གསལ། 




  • ཨེ་ལིལ་ལ་མངོན་གཤིས་ཅན་ Dominant (PP)གྱི་ཆ་གཅིག་དང་ཡིབ་གཤིས་ཅན་ Recessive (pp) བཅས་གཉིས་ཡོད། འདུ་ཚུལ་གཅིག་ནི་མངོན་གཤིས་ཅན་དང་ཡིབ་གཤིས་ཅན་མཉམ་འདྲེས་ཀྱི་འདུ་ཚུལ་(Pp) བཅས་གསུམ་ཡོད།
  • མེ་ཏོག་མུ་མེན་དང་དཀར་པོ་གཉིས་ཀྱི་ནང་ནས་མུ་མེན་གྱི་ཨེ་ལིལ་མངོན་གཤིས་ཅན་ཡིན་ཞིང་། དཀར་པོའི་ཨེ་ལིལ་ཡིབ་གཤིས་ཅན་ཡིན། དེ་ལ་རིགས་རྫས་མངོན་རྣམ་ Phenotypic ཅེས་ཟེར། མངོན་གཤིས་ཅན་ལ་ PP ཅེས་ཡིག་ཆེན་དང་ཡིབ་གཤིས་ཅན་ལ་ pp ཡིག་ཆུང་འབྲི་སྲོལ་ཡོད། དེ་གཉིས་མཚོན་བྱེད་དུ་དབྱིན་ཡིག་ P བཀོལ་ཏེ། ཁྱད་གཞིའི་ཨེ་ལིལ་གཉིས་པོ་གཅིག་མཚུངས་ཡིན་ཚེ་ PP དེ་ལ་རིགས་མཐུན་ (Homozygous) དང་། ཨེ་ལིལ་མི་འདྲ་བ་གཉིས་མཉམ་འདུས་སྐབས་ Pp བྲིས་སྟེ་དེ་ལ་རིགས་འདྲེས་ (Heterozygous) བཅས་ཟེར།  PP, Pp, pp དེ་རྣམས་ཁྱད་གཞི་སོ་སོའི་ཨེ་ལིལ་འདུས་ཚུལ་གྱི་རྣམ་པ་ཞིག་ཡིན་པས། དེ་དག་ལ་རིགས་རྫས་གྲུབ་ཆ་ Genotypic ཅེས་ཟེར། 




བུ་རབས་དང་པོའི་སྐབས་མེ་ཏོག་ཁ་དོག་མུ་མེན་ལྡན་པའི་མངོན་གཤིས་ཅན་གྱི་ཨེ་ལིལ་ཁོ་ན་མངོན་ཀྱང་། དེའི་བུ་རབས་གཉིས་པའི་ནང་མེ་ཏོག་ཁ་དོག་མུ་མེན་དང་དཀར་པོ་བཅས་མངོན་གཤིས་དང་ཡིབ་གཤིས་ཀྱི་ཨེ་ལིལ་གཉིས་པོ་མངོན་པར་གྱུར། མ་ཟད་སྐུ་ཞབས་མེན་ཌེལ་གྱིས་བརྟག་དཔྱད་གྲུབ་དོན་དེ་བུ་རབས་གཉིས་པའི་སྐབས་མེ་ཏོག་མུ་མེན་ཅན་གསུམ་དང་། མེ་ཏོག་དཀར་པོ་གཅིག་མངོན་པར་གྱུར་པས། ཁོང་གིས་རྩིས་ལམ་ཐོག་ནས་གྲུབ་དོན་དེ་3:1 བསྡུར་ཚད་ཀྱི་ངོ་བོའི་ཐོག་གཞི་འཛིན་པར་བྱས། རིགས་རྫས་མངོན་རྣམ་གྱི་བསྡུར་ཚད་དེ་ 3:1 དང་། རིགས་རྫས་གྲུབ་ཆའི་བསྡུར་ཚད་དེ་ 1:2:1 ཡིན། 

གོང་གི་ངང་ཚུལ་འདི་འགྲེལ་བ་ན་མེན་ཌེལ་གྱིས་ཚོད་དཔག་ཅིག་བྱས་ཏེ། ཁྱད་ཆོས་མངོན་པར་བྱེད་པའི་རིགས་རྫས་དེ་ཕ་ལས་ཐོབ་པའི་ཨེ་ལེལ་གཅིག་དང་མ་ལས་ཐོབ་པའི་ཨེ་ལིལ་གཅིག་བཅས་ཨེ་ལིལ་གཉིས་འདུས་ཏེ་གྲུབ་ཡོད་པ་དང་། དེ་དག་བུ་རབས་ཕྱི་མར་རྒྱུད་གཏོང་བྱེད་སྐབས་མངོན་གཤིས་ཅན་དང་ཡིབ་གཤིས་ཅན་ཨེ་ལིལ་ཁག་སོ་སོར་གཞིགས་སྟེ་ཁྱད་ཆོས་མངོན་པར་བྱེད། ཕ་མ་གཉིས་ལས་འདུས་པའི་ཨེ་ལིལ་དེ་དབྱེ་འབྱེད་བྱས་ནས་ཕྱི་མའི་བུ་རབས་ལ་རྒྱུད་གཏོང་བྱས་པ་ཤེས་རྟོགས་བྱུང་བས། ཁོང་གིས་དབྱེ་འབྱེད་ཀྱི་གཏན་ཁྲིམས་གཏན་ལ་ཕབས།





མེན་ཌེལ་གྱི་བརྟག་དཔྱད་རིམ་པ་གཉིས་པའི་ནང་ཁོང་གིས་རིགས་བསྲེས་ཟུང་ལྡན་སྦྱོར་ཐབས་ (Dihybrid cross) ཀྱི་ཐབས་ལམ་བེད་སྤྱད་དེ། སྲན་མའི་སོན་གྱི་དབྱིབས་དང་ཁ་དོག་ལྟ་བུའི་ཁྱད་ཆོས་གཉིས་ཐོག་ལ་ལྟ་ཞིབ་བྱས་ནས། ཁོང་གིས་རང་དབང་ཆ་བསྒོས་ཀྱི་གཏན་ཁྲིམས་ (Law of Independent Assortment) གཏན་ལ་ཕབས།




  • དེ་ཡང་སྲན་མའི་སོན་གྱི་དབྱིབས་དང་ཁ་དོག་བཅས་ཁྱད་ཆོས་མི་འདྲ་བ་གཉིས་ཀྱི་ཐོག་བརྟག་དཔྱད་གནང་། སོན་ཁ་དོག་གི་ཁྱད་གཞི་སེར་པོ་དང་ལྗང་ཁུ། དེ་བཞིན་སོན་དབྱིབས་ཀྱི་ཁྱད་གཞི་སྒོར་དབྱིབས་ཅན་དང་གཉེར་འཁུམ་ཅན་བཅས་ལ་རིགས་བསྲེས་ཟུང་ལྡན་སྦྱོར་ཐབས་ཐབས་ལམ་བེད་སྤྱད་དེ། མཐར་ཁོང་གིས་གཏན་ཁྲིམས་གཉིས་པ་རང་དབང་ཆ་བསྒོས་ཀྱི་གཏན་ཁྲིམས་གཏན་ལ་ཕབས། 
  • ཁོང་གིས་བརྟག་དཔྱད་གནང་སྐབས་སོན་ཁ་དོག་སེར་པོར་ཨིན་ཡིག་ Y དང་། སོན་ཁ་དོག་ལྗང་ཁུར y དེ་བཞིན་སོན་སྒོར་དབྱིབས་ཅན་ལ་ R དང་། སོན་གཉེར་འཁུམ་ཅན་ལ་ r བཅས་མཚོན་བྱེད་དུ་བྲིས་གནང་། 
  • ཁོང་གིས་སོན་ཁ་དོག་སེར་པོ་དང་དབྱིབས་སྒོར་དབྱིབས་ཅན་ YYRR ཞིག་དང་སོན་ཁ་དོག་ལྗང་ཁུ་དབྱིབས་སྙེར་འཁུམ་ཅན་ yyrr གཉིས་མཉམ་འདྲེས་ཀྱིས་རྒྱུད་འདེད་བྱེད་པས་བུ་རབས་དང་པོའི་ནང་ YyRr ཅན་གྱི་ཁམས་རྡུལ་གྲུབ།
  • བུ་རབས་དང་པོ་ལས་གྲུབ་པའི་ཁམས་རྡུལ་ (YyRr) དེ་རང་ཁོངས་ཟེགས་སྦྱོར་བྱས་སྟེ། བུ་རབས་གཉིས་པར་རྒྱུད་འདེད་བྱུང་བས་ཁྱད་ཆོས་མི་འདྲའི་སོན་ཁག་ ༡༦ བྱུང་བ་དང་། ཁོང་གིས་པ་ནེ་ཊེ་དྲ་མིག་བཀོལ་སྤྱོད་གནང་ནས་གྲུབ་དོན་དེ་དག་བལྟ་སླ་བར་བཟོས་གནང་ཡོད། 
  • ཁོང་གིས་དཔྱད་གཞིའི་ཁྲོད་རིགས་རྫས་མངོན་རྣམ་གྱི་བསྡུར་ཚད་དེ་ 9:3:3:1 ཐོག་གྲམས་ཚུལ་སྟོན་གནང་བ་དང་། རིགས་རྫས་གྲུབ་ཆའི་བསྡུར་ཚད་དེ་ 1:2:2:1:4:2:1:2:1 ཐོག་གྲམས་ཚུལ་རིང་པོ་ངང་གསལ་སྟོན་བྱས་ཡོད། འོན་ཀྱང་བསྡུར་ཚད་རྩི་གཞི་དེ་དག་རིང་བ་དང་མགོ་རྙོག་ཞིག་མཐོང་ཚེ། ང་ཚོས་སྤྱི་འགྲོས་Formula དམིགས་བསལ་བེད་སྤྱད་དེ་ལས་སླ་པོའི་ངང་བསྡུར་ཚད་གསལ་སྟོན་བྱེད་ཐུབ། དེར་བརྟེན་རིགས་རྫས་མངོན་རྣམ་གྱི་བསྡུར་ཚད་འཚོལ་ཚེ་ (3:1)n སྤྱི་འགྲོས་དེ་བེད་སྤྱོད་བྱེད་ཆོག་པ་དང་། (n) དེ་ཁྱད་ཆོས་མི་འདྲ་བ་ག་ཚོད་དབར་མཉམ་འདྲེས་བྱེད་མིན་ལ་གཞིགས་སྟེ། དེ་བཞིན་གྱིས་གྲངས་དེ་ (n) ནང་བཀོད་ནས་རྩིས་དགོས། 
  • དཔེར་ན། སྐུ་ཞབས་མེན་ཌེལ་གྱི་སྲན་མའི་བརྟག་དཔྱད་གཉིས་པའི་ནང་ཁོང་གིས་སྲན་མའི་སོན་གྱི་ཁ་དོག་དང་དབྱིབས་བཅས་ཁྱད་ཆོས་གཉིས་ཐོག་དཔྱད་པར་བརྟེན། རིགས་རྫས་མངོན་རྣམ་གྱི་བསྡུར་ཚད་རྩིས་ཚེ་སྤྱི་འགྲོས་ (3:1)n ནང་ (3:1)2 ཅེས་གྲངས་ནང་བཅུག་བྱས་ནས་རྩིས་པས་ (3:1) x (3:1) གྲུབ་དོན་དུ་བསྡུར་ཚད་ 9:3:3:1 ཐོབ། དེ་ནང་བཞིན་རིགས་རྫས་གྲུབ་ཆའི་བསྡུར་ཚད་འཚོལ་སྐབས་ང་ཚོས་སྤྱི་འགྲོས་ (1:2:1) n ནང་ (1:2:1) 2 ཅེས་གྲངས་ནང་བཅུག་བྱས་ནས་རྩིས་པས་ (1:2:1) x (1:2:1)  དེའི་གྲུབ་དོན་དུ་བསྡུར་ཚད་ 1:2:2:1:4:2:1:2:1  ཐོབ། 
  • དེར་བརྟེན་རྒྱུད་འདེད་བྱ་རིམ་སྐབས་ཁྱད་ཆོས་མི་འདྲ་བ་ཇི་ཙམ་དབར་མཉམ་འདྲེས་ཀྱི་བསྡུར་ཚད་རྩིས་སྐབས་གོང་གི་སྤྱི་འགྲོས་དེ་གཉིས་བཀོལ་སྤྱོད་བྱེད་ཆོག་པ་ཡིན། 



སྐུ་ཞབས་མེན་ཌེལ་གྱི་དཔྱད་གཞི་གཉིས་པ་བརྒྱུད་དེ་མཐར་ཁོང་གིས་བུ་རབས་གཉིས་པར་འཐོབ་པའི་སོན་ཁྱད་ཆོས་མི་འདྲ་བ་ ༡༦ ནས་གང་རུང་གཅིག་རྒྱུད་གཏོང་བྱས་ནས་ཕྱི་མའི་བུ་རབས་ནང་དེའི་ཁྱད་ཆོས་མངོན་པར་བྱེད་པས། དེ་དག་ནས་ཁྱད་ཆོས་གང་ཞིག་བུ་རྒྱུད་ལ་རྒྱུད་འདེད་བྱུང་མིན་དེ་ནི་སྲིད་ཕྱོད་ (Propability) ལ་རགས་ལུས་ཡོད་པ་ཁོང་གིས་གསལ་སྟོན་གནང་བ་དང་། གྲུབ་དོན་དེར་གཞིགས་སྟེ་ཁོང་གིས་གཏན་ཁྲིམས་གཉིས་པ་རང་དབང་ཆ་བསྒོས་ཀྱི་གཏན་ཁྲིམས་གཏན་ལ་ཕབས་གནང་མཛད། 




འཕྲིན་ལས་དབང་འདུས་ནས།

                                                                                                                    བོད་ཀྱི་དཔེ་མཛོད་ཁང།

                                                                                                                   ཚན་རིག་སྡེ་ཚན།








Post a Comment

Previous Post Next Post