ཨེ་ལི་སི་ བྷོལ། (Alice Ball)
རྫས་སྦྱོར་ཚན་རིག་པ། (Chemist)
ཨེ་ལི་སི་ བྷོལ་ནི་ ༡༨༩༢ ལོར་ཨ་རིའི་ས་གནས་སི་ཡ་ཊེལ་ (Seattle) ལ་སྐྱེས་པ་དང། ཁོང་གི་སྤོ་བོ་ལགས་པར་པ་གྲགས་ཆེན་ཞིག་ཡིན་པས་སྤོ་ལགས་ཀྱི་པར་ཁྲུས་སའི་མུན་ཁང་ནང་དུ་ངོ་མཚར་ཅན་གྱི་རྫས་སྦྱོར་སྐོར་ངོ་སྤྲོད་བྱུང་ཞིང། རྫས་སྦྱོར་རིག་པའི་ཐོག་མའི་གཞི་རིམ་གྱི་སློབ་སྦྱོང་དེ་ཝ་ཤིང་ཊན་མཐོ་སློབ་ཏུ་བྱས་འདུག། དེ་ནས་ཧ་ཝ་ཨི་ (Hawaii) ནས་རྫས་སྦྱོར་རིག་པའི་གཙུག་ལག་རབ་འབྱམས་པའི་བསླབ་པ་ཐར་སོན་བྱུང་འདུག། ༡༩༡༥ ནང་ཁོང་ཧ་ཝ་ཨི་མཐོ་སློབ་ཁང་ནས་བསླབ་པ་ཐར་སོན་པའི་བུད་མེད་ཐོག་མ་དེ་ཡིན་པ་མ་ཟད་ཨ་རིའི་མི་རིགས་ནག་པོ་ཐོག་མ་དེ་ཡང་ཆགས་འདུག། ༡༩༠༠ འགོ་སྟོད་དུ་མཛེ་ནད་ཁྱབ་གདལ་ཚབ་ཆེ་བྱུང་བས་དམངས་ཁྲོད་འཕྲོད་བསྟེན་ཐོག་ཛ་དྲག་གི་གནས་སྟངས་ཤིག་བྱུང་བ་དང། མཛེ་ནད་རྐྱེན་པས་ལུས་པོའི་ཚོར་ཤེས་ཉམས་པ་དང། པགས་པར་རྨས་སྐྱོན་བྱུང་བ་མ་ཟད་རྐང་ལག་ཉམས་སྐྱོན་དང། མིག་དང་དབང་རྩ་ལའང་སྐྱོན་བྱེད་ཀྱི་ཡོད། དུས་ད་ལྟའང་ང་ཚོས་མཛེ་ནད་འདིའི་ཁྱབ་གདལ་ཇི་ལྟར་འགྲོ་བའི་ཐད་གནས་ཚུལ་ཡང་དག་གཅིག་ཤེས་ཀྱི་མེད་ནའང་། ན་ཚ་འདི་འགོས་སླ་བོ་མིན་པ་དེ་ཤེས་ཀྱི་ཡོད། ཡིན་ནའང་སྐབས་དེ་དུས་མཛེ་ནད་ཀྱིས་མནར་བའི་ནད་པ་རྣམས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཧ་ཝ་ཨི་མཚོ་གླིང་་མོ་ལོ་ཀཻ་ (Molokai Island) གི་ཀ་ལོའོ་པ་པ་མཛེ་ནད་གཞིས་གྲོང་ (Kalaupapa Leper Colony) དུ་ཟུར་བཀག་བཞག་གི་ཡོད།
སྐབས་དེ་དུས་ནད་འདི་ཅུང་ཙམ་འཇོམས་ཆེད་ཐབས་གཅིག་ལས་མེད་པ་ནི་ཅྰོལ་མུག་རའི་ (Chaulmoogra)ས་བོན་གྱི་སྣུམ་དེ་ཡིན་ཞིང། སྣུམ་འདི་ནི་ཆུ་དང་བསྲེ་སྦྱོར་ཐུབ་དཀའ་བས་སྨན་ཁབ་བརྒྱུད་སྨན་བཅོས་ཆེད་ལུས་པོའི་ནང་བླུགས་ནའང་ང་ཚོའི་ལུས་པོའི་ཁྲག་ནི་བརྒྱ་ཆ་ཤུགས་ཆེ་བ་ཆུས་གྲུབ་པ་ཡིན་སྟབས་སྣུམ་འདི་སྨན་ཁབ་བཟོས་ཏེ་རྒྱག་ནའང་དེ་ཙམ་ནུས་པ་འཐོན་གྱི་མེད་པ་མ་ཟད་ན་ཟུག་ཆེན་པོ་སློང་གི་ཡོད། སྣུམ་འདི་པགས་པའི་སྟེང་བྱུགས་པའམ་མིད་ནའང་དེ་ཙམ་ཕན་གྱི་མེད། ཨེ་ལི་སི་ཁོང་གིས་སྣུམ་དེ་ནུས་པ་ལྡན་པའི་སྨན་ཁབ་ཞིག་ཏུ་བསྐྲུན་པར་འབད་བརྩོན་བྱས་ཡོད།
རང་ལོ་ ༢༣ ཡིན་པའི་སྐབས་སུ་ཁོང་གིས་ཅྰོལ་མུག་རའི་སྣུམ་གར་པོ་དེ་སླ་རུ་གཏོང་བའི་ཐབས་ཤིག་གསར་དུ་བརྙེད་ཡོད། ཁོང་གིས་སྣུམ་འདིའི་ནང་གི་ཚིལ་ལྡན་སྐྱུར་རྫས་ (fatty acid) ནས་ཕབ་སྣུམ་སྐྱུར་ཚིལ་ (Ethyl ester) ལོགས་སུ་དབྱེ་སྟེ་སྣུམ་དེ་ཆུ་དང་མཉམ་བསྲེས་བྱེད་ཐུབ་པར་སྒྱུར་ཏེ་སྨན་ཁབ་ཞིག་ཏུ་བཟོས་ཐུབ་པ་བྱུང་ཡོད། བཅོས་ཐབས་གསར་པ་དེར་བྷོལ་གྱི་བཅོས་ཐབས་ (Ball method) ཞེས་ཟེར་བ་དང་། བཅོས་ཐབས་འདིས་མཛེ་ནད་ཀྱིས་མནར་བའི་མི་མང་པོ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད་ན་ཚ་དེ་འགོ་ནད་ན་ཚའི་གྲས་སུ་མ་བརྩིས་པས་ནད་པ་རྣམས་བཟུར་བཀག་སྡོད་མི་དགོས་པ་བྱུང་ཡོད། ཕྱི་ལོ་ ༡༩༡༨ ཙམ་ནས་མཛེ་ནད་འདི་དག་ཕོག་པའི་ནད་པ་རྣམས་རང་གི་ནང་མི་དང་ཐུག་འཕྲད་བྱེད་ཆོག་པ་དང་་རྒྱང་འབུད་དུ་གནས་མི་དགོས་པ་བྱུང་འདུག
ཚན་རིག་པ་ཨེ་ལི་སི་ཁོང་ལོ་ན་ ༢༤ ཡིན་སྐབས་བརྟག་དཔྱད་ཁང་དུ་སློབ་ཁྲིད་བྱེད་བཞིན་པའི་སྐབས་སུ་གྲོངས་འདུག། མི་མང་པོས་ཁོང་ནི་གློ་བུར་དུ་ཚྭ་རླངས་ (chlorine) རྔུབ་པའི་རྐྱེན་གྱིས་གྲོངས་ཡིན་ཚུལ་བརྗོད་པ་དང་ད་ཆ་ཁོང་ན་ཚ་བཅོས་ཐབས་བྲལ་བའི་ནད་ཞིག་གི་བཅོས་ཐབས་འཚོལ་མཁན་ཡིན་པའི་ཐོག་དྲན་གསོ་བྱེད་ཀྱི་ཡོད།།
པདྨ་སྒྲོལ་དཀར།
ཚན་རིག་སྡེ་ཚན།
བོད་ཀྱི་དཔེ་མཛོད་ཁང།
Post a Comment