སྐུ་ཞབས་ཇེམས་ག་ལ་གྷིར།
བི་བི་སི་གསར་ཁང་།
ཚན་རིག་དང་འཕྲོད་བསྟེན་གསར་འགོད་པ། 


ཨལ་རྫི་མར་ནད་ཀྱིས་མིའི་ཀླད་པར་གནོད་སྐྱོན་བྱུང་བཞིན་ཡོད་པ་དེའི་ཤུགས་ཉུང་དུ་གཏོང་ཐུབ་མཁན་གྱི་གསར་ཐོན་གྱི་སྨན་རྫས་དེ་ལོ་རྒྱུས་ཁྲོད་ཤིན་ཏུ་གལ་ཆེ་ཞིག་ཡིན་པའི་སྔོན་བརྡར་ངོས་ལེན་བྱས། 

མིའི་ངོས་སུ་འཕྲད་བཞིན་པའི་རིག་པ་འཚོལ་རྒུད་དམ་ཧོན་ལོག་གི་ཁོངས་སུ་གཏོགས་པ། ཡང་ན། ཨལ་རྫི་མར་ནད་དེ་རིགས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བཅོས་ཐབས་འདྲ་མིན་སྤྱད་དེ་གྲུབ་འབྲས་མ་ཐོན་པ་དེ་མཇུག་བསྡུས་ཏེ་ཐེངས་དེའི་ཉམས་ཞིབ་གསར་རྙེད་ལས་ཨལ་རྫི་མར་ནད་དེ་བཅོས་ཐུབ་པའི་དུས་རབས་གསར་པའི་གསར་ཐོན་སྨན་རྫས་ཀྱིས་བཅོས་ཐུབ་པའི་རེ་བར་འགྱུར། 

དེ་ལྟ་ནའང་ལི་ཁ་ནི་མེཔ་(Lecanemeb)སྨན་རྫས་རང་གི་ཕན་ནུས་དེ་ཆུང་ཙམ་ཡིན་ཞིང་། ཉིན་རེའི་འཚོ་བར་ཤུགས་རྐྱེན་ཇི་ཙམ་སྤྲོད་མིན་བགྲོ་གླེང་བྱེད་བཞིན་ཡོད། སྨན་རྫས་དེས་ཨལ་རྫི་མར་ནད་ཀྱི་འགོ་སྟོད་གནས་སྐབས་སུ་ཕན་ནུས་བྱུང་བཞིན་ཡོད་ཀྱང་དེ་སྟོན་པར་གསར་བརྗེ་ཞིག་མ་བྱས་ན་མང་ཆེ་བས་དེ་ངོས་འཛིན་ཐུབ་ཀྱི་མ་རེད། དེ་ཡིས་ཨེལ་རྫི་མར་ནད་པའི་ཀླད་ཁམས་ནང་སྙིགས་རྫས་འབྱར་བག་ཅན་བི་ཊ་ཨེ་མི་ལོཡི་ཊ་(beta-amyloid)མང་པོ་སྐྱེས་བཞིན་ཡོད་པ་དེ་དག་ལ་ཐད་དཀར་འཐབ་རྒོལ་བྱེད་ཀྱི་ཡོད། འགའ་ཤས་ཀྱིས་ཤུགས་མེད་དང་རེ་བ་ཟད་ཅིང་ཡིད་ཐང་ཆད་བཅུག་པའི་སྨན་ལུགས་སུ་དེ་ལྟ་བུའི་སྨན་རྫས་ཀྱི་ཚོད་ལྟའི་གྲུབ་འབྲས་དེ་ནི་ཁ་ཕྱོགས་བསྒྱུར་བའི་རྒྱལ་ཁ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད།

ཨིན་ཡུལ་ཨེལ་རྫི་མར་ཉམས་ཞིབ་ལྟེ་གནས་ཁང་གིས་ད་རེས་ཀྱི་གསར་རྙེད་སྨན་རྫས་དེ་ཤིན་ཏུ་ནུས་ལྡན་ཞིག་རེད། ཅེས་གསུངས། ཨེལ་རྫི་མར་ནད་གཞིར་རྐྱེན་སློང་ཅན་ཨེ་མི་ལོཡི་ཊ་ལ་དམིགས་ནས་ལོ་ངོ་སུམ་ཅུ་ལྷག་ཉམས་ཞིབ་གནང་མཁན་གྱི་སློབ་སྟོན་པ་སློབ་དཔོན་ཆེན་པོ་སྐུ་ཞབས་ཇོན་ཧར་ཌི་(John Hardy)ལགས་ནས་ཀྱང་གནད་དོན་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ཅན་ཞིག་དང་ཨལ་རྫི་མར་ནད་གཞིར་བཅོས་ཐབས་ཡོང་བའི་ཐོག་མའི་གོམ་པ་ཞིག་ཡིན་པ་གསུངས་འདུག། དེ་བཞིན་ཨི་ཌིན་བྷག་(Edinburgh University)གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཏ་ར་སིཔྱེ་རས་(Tara Spires)ཡིས་ཀྱང་ད་བར་དུས་ཡུན་རིང་པོའི་ནང་ནད་གཞི་དེར་བཅོས་ཐབས་བརྒྱ་ཆ་བརྒྱ་མ་བྱུང་བ་ཤ་སྟག་ཡིན་པས་དེ་འདྲའི་གསར་རྙེད་དེ་གལ་གནད་ཅན་ཞིག་ཡིན་པ་གསུངས་འདུག དེང་སྐབས་ཨེལ་རྫི་མར་ནད་མནར་མཁན་ཚོར་སྨན་རྫས་འདྲ་མིན་གཞན་ལ་བསྟེན་ནས་ནད་རྟགས་སྙོམས་པར་བྱེད་པ་ལས་ནད་གཞི་ངོ་མའི་ཐོག་ཁ་ལོར་བསྒྱུར་ཐུབ་པ་སུས་ཀྱང་བྱེད་ཐུབ་ཀྱི་མེད། 


ལི་ཁ་ནི་མེབ་ནི་གཉན་སྲིན་དང་ཕྲ་སྲིན་ལ་འཐབ་རྒོལ་བྱ་ཆེད་རང་གི་ལུས་པོས་བཟོས་པའི་འགོག་གཟུགས་ཀྱི་རྣམ་པ་ཞིག་ཡིན་ཞིང་། དེ་བཀོལ་སྤྱོད་ཀྱིས་ཀླད་པ་ལསཨེ་མི་ལོཡིཊ་གཙང་སེལ་བྱེད་ཆེད་ལུས་པོའི་ནད་འགོག་མ་ལག་ལ་བརྡ་ལན་བཏང་བ་བྱེད། ཨེ་མི་ལོཡི་ཊ་ནི་ཀླད་པའི་དབང་རྩ་ཕྲ་གཟུགས་དབར་གྱི་སྟོང་ཆའི་ངོས་སུ་མཉམ་བསྡེབས་ངང་གནས་པའི་སྤྲི་རྫས་ཤིག་ཡིན་ཞིང་། དེ་ནི་མངོན་པར་གསལ་བའི་གཉན་རིགས་ཤིག་དང་ཨེལ་རྫི་མར་ནད་ཀྱི་མཐུན་མིན་མཚོན་རྟགས་ཤིག་ཀྱང་ཡིན།



ཨལ་རྫི་མར་གྱི་འགོ་སྟོད་ཀྱི་རིམ་པས་མནར་བཞིན་པའི་དང་བླངས་ནད་པ་གྲངས་༡༧༩༥ ཙམ་ཚུད་པའི་ནད་པ་རྣམས་ལ་བདུན་ཕྲག་གཉིས་རེ་མཚམས་ནས་ལི་ཁ་ནི་མེབ་སྨན་རྫས་དེ་སྤྲད་དེ་གཞི་རྒྱ་ཆེ་བའི་སྨན་བཅོས་ཀྱི་ཚོད་བལྟ་ཞིག་བྱས། དེའི་མཇུག་འབྲས་ཀྱི་སྙན་ཐོ་དེ་སེན་ཕྷ་རན་སིས་ཁོའི་(San Francisco)ཨལ་རྫི་མར་སྨན་བཅོས་ཚོད་ལྟའི་ཚོགས་འདུ་དང་ཨེང་ལེན་གསར་པའི་སྨན་ལུགས་དུས་དེབ་བཅས་སུ་སྤེལ་བའི་གྲུབ་འབྲས་དེ་རྫུ་འཕྲུལ་གྱི་བཅོས་ཐབས་ཤིག་མིན། ནད་གཞི་དེས་མིའི་ཀླད་ཁམས་ཀྱི་ནུས་པ་མུ་མཐུད་དེ་ཉམས་རྒུད་དུ་གཏོང་རུང་། སྨན་བཅོས་ཚོད་བལྟ་ཟླ་བ་༡༨ ཙམ་གྱི་དུས་ཡུན་ནང་ནད་གཞི་དེས་ཀླད་པར་ཉམས་རྒུད་གཏོང་ཚད་དེ་བཞི་ཆ་གཅིག་ཙམ་གྱིས་དལ་དུ་གཏོང་ཐུབ་པར་འགྱུར་ཡོད། ཨ་རིའི་འགྲེལ་ཡོད་སྟངས་འཛིན་ལྷན་ཚོགས་ནས་གོང་གི་གཞི་མཐོར་གཟིགས་ཞིབ་གནང་ཟིན་པ་དང་། གང་མགྱོགས་ལི་ཁ་ནི་མེབ་སྨན་རྫས་དེ་གཞི་རྒྱ་ཆེ་སར་བཀོལ་སྤྱོད་བྱེད་ཆོག་མིན་ཐད་ཐག་ཆོད་ཡོང་རྒྱུ་རེད་འདུག 
སྨན་རྫས་བཟོ་བསྐྲུན་མཁན་ཨི་སཡི་(Eisai)དང་བ་ཡོ་ཇན་(Biogen)གཉིས་ནས་ལོ་རྗེས་མར་རྒྱལ་ཁབ་གཞན་ཁག་ནང་སྨན་རྫས་དེ་ངོས་ལེན་ཞུ་ཕྱོགས་ཐད་ཀྱི་ལས་དོན་འགོ་འཛུགས་ཞུ་རྒྱུ་རེད་འདུག 

པར་རིས།

ཡུ་ཀེའི་ས་གནས་ཀེན་ཌི་ནས་ཡིན་ཞིང། དགུང་ལོ་༧༨ ལ་ཕེབས་པའི་སྐུ་ཞབས་ཌེ་ཝིཌ་ཨིསམ་ལགས་དང་ཁོང་གི་སྐུ་ཟླ་ཆེ་རིལ་ལགས་ཁོང་གཉིས་ཀྱིས་ཀྱང་ད་རེས་རྒྱལ་སྤྱིའི་ཨེལ་རྫི་མར་སྨན་བཅོས་ཚོད་ལྟ་དེའི་ནང་མཉམ་བཞུགས་གནང་ཡོད། སྐུ་ཞབས་ཁོང་དུས་རྒྱུན་ཤིང་བཟོ་བའི་ཕྱག་ལས་གནང་བཞིན་ཡོད་པ་དང་། ནད་གཞི་དེས་རྐྱེན་པས་ཁོང་གིས་ཤིང་བཟོའི་ལག་ཆ་བཀོལ་སྤྱོད་བྱེད་མ་ཤེས་པར་འགྱུར་བ་མ་ཟད། ཤིང་བཟོའི་ཆ་སྒམ་དང་བང་ཁྲི་དེ་དག་བསྒྲིག་ཀྱང་མ་ཤེས་པར་འགྱུར་བས། ཁོང་ཕྱག་ལས་དེ་བཞག་དགོས་ཁེལ་པའི་གནས་སྟངས་ཤིག་ཏུ་འགྱུར།  ཁོང་གིས་སྲོལ་རྒྱུན་ཆུ་ཚོད་བལྟ་སྟངས་མ་ཤེས་སྟབས་ད་ཆ་ཁོང་གིས་གྲངས་འཕྲིན་ཆུ་ཚོད་བེད་སྤྱད་བཞིན་འདུག ཁོང་གི་སྤྱིར་ཏང་དྲན་ཤེས་རྣམས་ཉམས་པར་བརྟེན་ཁོང་ལ་གང་སྤྱིའི་ཐད་རོགས་པ་དགོས་པའི་གནས་སྟངས་ཤིག་ཡིན་པས། ཁོང་ནི་སྔར་རྒྱུན་གྱི་མི་དེ་མ་རེད། ཅེས་ཁོང་གི་སྐུ་ཟླ་ཆེ་རིལ་ལགས་ཀྱིས་གསུངས། སྐུ་ཞབས་ཌེ་ཝིཌ་ལགས་ཀྱིས་མི་སུས་ཀྱང་ནད་གཞི་དེ་དལ་དུ་བཏང་ཐུབ་པ་དང་། མཐའ་མ་མེད་པ་བཟོ་ཐུབ་པར་འགྱུར་ན་དེ་ནི་ཁྱད་འཕགས་ཅན་ཞིག་ཡིན་ངེས་རེད་ཅེས་གསུངས། འཛམ་གླིང་དེའི་ཐོག་ཁོང་ནང་བཞིན་ཨེལ་རྫི་མར་ནད་ཀྱིས་མནར་མཁན་མི་གྲངས་ས་ཡ་༥༥ ལས་མང་བ་ཡོད་པ་དང་། ཕྱི་ལོ་༢༠༢༥ བར་འཛམ་གླིང་ནང་ནད་གཞི་དེ་མནར་མཁན་གྱི་མི་གྲངས་ས་ཡ་༡༣༩ བརྒལ་བ་ཡོང་ངེས་རེད་འདུག 


དོན་དངོས་ཐོག་སྨན་རྫས་དེས་ཁྱད་པར་བཟོ་ཐུབ་བམ།

དོན་དམ་གྱི་སྤྱི་ཚོགས་ཁྲོད་ལི་ཁ་ནི་མེབ་ཀྱིས་ཤུགས་རྐྱེན་ཇི་ཙམ་སྤྲོད་མིན་ཐད་སྨན་པ་དང་ཚན་རིག་པའི་དབར་བགྲོ་གླེང་གི་རྩོད་གཞི་ཞིག་ཡིན། ང་ཚོས་ནད་པའི་ནད་རྟགས་དལ་དུ་འགྱུར་བཞིན་ཡོད་པ་དོ་སྣང་བྱུང་ཡང་། ཀླད་པའི་ནད་གཞི་དཀྱུས་མ་ནས་ཛ་དྲག་གི་གནས་སྟངས་བར་བརྒྱ་ཆ་༡༨ ཀྱི་ཚད་གཞིར་བཟུང་ཚེ་ད་ལྟའི་སྨན་རྫས་ཐོབ་མཁན་ཚོའི་དྲག་སྐྱེད་ཀྱི་བརྒྱ་ཆ་དེ་༠་༤༥ ཙམ་ཡིན། སློབ་དཔོན་ཆེན་པོ་སིཔྱེ་རེས་ཇོན་སི་(Spires Jones)ཀྱིས་སྨན་རྫས་དེས་ནད་གཞིའི་ཐོག་ཕན་ནུས་ཧ་ལས་པ་ཞིག་མེད་ཀྱང་། དེའི་ཕན་ནུས་ཆུང་ངུ་དེར་དང་ལེན་ཞུ་རྒྱུ་ཡིན་བཅས་གསུངས། 
དེ་བཞིན་ཡུ་ཀེ་ཨལ་རྫི་མར་ཉམས་ཞིབ་ཁང་གི་སྨན་པ་སུ་སན་ཀོ་ཧོ་ལས་(Susan Kohlhaas)ཡིས་ཀྱང་སྨན་རྫས་ཀྱི་ཕན་ནུས་དེ་ཚུལ་མཐུན་ཞིག་ཡིན་པ་དང་། དེས་མི་རབས་རྗེས་མའི་སྨན་རྫས་ཡར་ཐོན་ཡོང་བར་གཞི་གདན་ལྟ་བུར་གྱུར་ཡོད། འོན་ཀྱང་སྨན་རྫས་དེའི་ཚོད་ལྟར་མཉམ་ཞུགས་བྱེད་མཁན་གྱི་ནད་པའི་ཀླད་པར་བཤེར་ཕབ་བརྟག་ཞིབ་བྱེད་སྐབས་མཉམ་ཞུགས་པའི་ཁྲོད་བརྒྱ་ཆ་༡༧ ཙམ་གྱི་ཀླད་པའི་ངོས་སུ་ཁྲག་ཐོན་གྱི་ཉེན་ཚབས་མངོན་པ་དང་། བརྒྱ་ཆ་༡༣ ཙམ་ལ་ཀླད་པ་སྐྲངས་པའི་ཉེན་ཚབས་ལྡན་པ་བཅས། སྤྱི་ཡོངས་ཀྱི་མཉམ་བཞུགས་པའི་བརྒྱ་ཆ་༧ ཙམ་སྨན་རྫས་དེའི་ཟུར་ཕོག་གིས་རྐྱེན་པས་ཚོད་ལྟ་བྱ་རྒྱུ་མཚམས་བཞག་དགོས་བྱུང་ཡོད། གལ་འགངས་ཅན་གྱི་དྲི་བ་ཞིག་ནི་སྨན་རྫས་ཀྱི་ཚོད་ལྟའི་དུས་ཡུན་ཟླ་བ་༡༨ རྗེས་སུ་གནས་སྟངས་གང་བྱུང་མིན་གྱི་ལན་དེ་ནི་ཚོད་དཔག་བྱ་རྒྱུའི་གནད་དོན་ཞིག་ཡིན། 

སྨན་པ་སྐུ་ཞབས་ཀོའོ་ལྷསི་(Dr Kohlhass)ཡིས་ང་ཚོས་གནད་དོན་དེ་གང་ཡིན་པ་རྣམས་ཡིན་ཚུལ་དུ་བཞག་ན་མ་འགྲིག་པར་སྨན་རྫས་ཀྱི་ཚོད་ལྟ་དེ་དུས་ཡུན་རིང་པོར་བྱེད་ཐུབ་ན་དེའི་ཕན་ནུས་དེ་བས་ཤུགས་ཆེ་བ་ཡོང་སྲིད་པས་དེ་ནི་ཚན་རིག་ལ་ཆེས་བསྟོད་འོས་པ་ཞིག་ཡིན། ཅེས་གསུངས། 
མངོན་གྱུར་སྨན་རྫས་དེས་ནད་གཞིར་འགྱུར་བ་གཏོང་ཐུབ་ཀྱང་འཕྲོད་བསྟེན་ཞབས་ཞུའི་ཕྱོགས་ནས་སྨན་རྫས་དེ་བཀོལ་སྤྱོད་བྱ་རྒྱུའི་གྲ་སྒྲིག་ཡོད་མིན་ཐད་དྲི་བ་ཆེན་པོ་ཞིག་ཡིན། 
ནད་གཞི་དེས་ཀླད་པའི་ངོས་སུ་གནོད་སྐྱོན་ཚབས་ཆེ་མ་བཏང་བའི་སྔོན་ཚུད་ནས་སྨན་རྫས་དེ་བཀོལ་སྤྱོད་བྱེད་དགོས་པ་ཡིན་རུང་། མི་ཚོས་ཀླད་པའི་དྲན་ཤེས་བཅོས་ཐབས་དེ་ནད་གཞི་མཐའ་མའི་རིམ་པར་བྱེད་དགོས་ཚུལ་གྱི་ལུང་འདྲེན་བྱེད་བཞིན་ཡོད། དེར་བརྟེན་མང་ཚོགས་ངོས་ནས་དྲན་ཤེས་ཀྱི་དཀའ་ངལ་ཐོན་མ་ཐག་སྔ་ས་ནས་སྨན་བཅོས་ལ་བསྟེན་ཚེ་སྨན་པས་ནད་པའི་ཀླད་པར་བཤེར་ཕབ་བརྟག་ཞིབ་དང་རྒྱུངས་གཤེར་དཔྱད་ཞིབ་བཅས་ཀྱི་ཨེ་མི་ལོཡིཊ་ཡི་བརྟག་དཔྱད་གང་རུང་བྱས་ཏེ་ནད་པར་ཨལ་རྫི་མར་རམ་རིག་པ་འཆོལ་རྒུད་ཀྱི་ནད་རིགས་གཞན་གང་ཡོད་མེད་ངོས་འཛིན་བྱེད་ཐུབ། རིག་པ་འཆོལ་རྒུད་ཅན་གྱི་མི་གྲངས་བརྒྱ་ཆ་༡ ནས་༢ ཙམ་ལ་བརྟག་དཔྱད་དེ་བྱས་ཡོད། 

དོན་དངོས་ཐོག་ང་ཚོས་ནད་གཞི་དེའི་ངོ་བོ་འགྱུར་ཐུབ་པའི་བཅོས་ཐབས་སུ་ལག་བསྟར་ཇི་ལྟར་བྱེད་ཐུབ་མིན་དང་ད་ལྟའི་སྨན་བཅོས་མཐུན་རྐྱེན་ཕུལ་ཕྱོགས་གཉིས་དབར་ཧེ་བག་ཆེན་པོ་རྒྱུགས་ཡོད། ཅེས་སྨན་པ་ཁོལ་ཐརཌི་ལགས་ཀྱིས་གསུངས། ད་དུང་ཁོང་གིས་ད་ལྟའི་དུས་སུ་སྨན་གྱི་ལྟེ་གནས་ཆེ་བ་ཁག་གི་ཉེ་འགྲམ་དུ་བཞུགས་མཁན་མི་དང་དོ་དག་སྒེར་ངོས་ནས་སྨན་རིན་འབུལ་ཐུབ་མཁན་ཁག་ལ་ཁེ་ཕན་ཡོད་པ་གསུངས། ཡང་ཚན་རིག་པ་ཚོས་ནན་ཏན་ཐོག་གསུངས་དོན་ཞིག་ལ་རྙོགས་འཛིངས་ཅན་གྱི་ཨལ་རྫི་མར་ནད་གཞིའི་ཁྲོད་ཨེ་མི་ལོཡི་ཊ་དེ་ཆ་ཤས་གཅིག་གི་དཔེ་རིས་ཙམ་ཡིན་པས། ནད་གཞི་དེའི་བཅོས་ཐབས་དངོས་ཀྱི་ངོ་བོར་འཛིན་པར་བྱེད་མི་ཐུབ་པ་གསུངས་ཡོད།  

སློབ་དཔོན་ཆེན་མོ་སིཔྱེ་རེས་ཇོན་སི་ནས་འཆི་གྲབས་ཡོད་པའི་ཀླད་པའི་ཕྲ་ཕུང་གི་ངོས་སུ་ཉེས་དུག་སྤྲི་རྫས་ཊའུ་(Tau)ཐོན་པ་ཁག་དང་། ནད་འགོག་མ་ལག་དང་ཚ་སྐྲང་གི་གནད་ལུགས་རྣམས་ནད་གཞི་དེ་དང་འབྲེལ་བ་ཆེན་པོ་ཆགས་བསྡད་ཡོད་པས། ངའི་ངོས་ནས་གནད་དོན་དག་གི་ཐོག་མ་དངུལ་བཏང་འདོད་ཡོད།ཅེས་གསུངས། དེ་བཞིན་ཁོང་གིས་ང་རང་སྤྲོ་སེམས་འཁོལ་བའི་གནད་དོན་ཞིག་ནི་ང་ཚོས་དཀའ་ཚིགས་དེ་དག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཐད་ཉམས་མྱོང་དང་གོ་རྟོགས་ཀྱི་རྩེ་མོར་སླེབས་ཟིན་པ་དང་། ཡོང་རྒྱུའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ཁྱད་པར་ཆེན་པོ་བཟོ་ཐུབ་པར་ཕུན་སུམ་ཚོགས་པའི་ཉམས་མྱོང་ཞིག་ཐོབ་དགོས་ངེས་ཡིན། ཅེས་གསུངས་སོ། །




རྩོམ་སྒྱུར་བྱེད་པོ།   འཕྲིན་ལས་དབང་འདུས་ནས།
བོད་ཀྱི་དཔེ་མཛོད་ཁང།
ཚན་རིག་སྡེ་ཚན།

Post a Comment

Previous Post Next Post